པདྨ་རྫོང་གིས་མི་ཁྲི3.6གི་འཐུང་ཆུའི་དཀའ་ངལ་སེལ་འཆར་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མགོ་ལོག་ཁུལ་པདྨ་རྫོང་གི་སྡོད་དམངས་ཁྲི3.6གི་འཐུང་ཆུའི་དཀའ་ངལ་སེལ་འཆར་ཡོད་པ། ཉེ་ལམ་གསར་འགོད་པས་ཞིང་ཆེན་ཆུ་དཔྱད་ས་གཤིས་བཟོ་བཀོད་ས་ཁམས་ཁོར་ཡུག་དང་ས་གཤིས་རྟོག་ཞིབ་གླིང་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་གཅིག་རིང་གི་འབད་པ་ལ་བརྟེན་ནས་རང་རེའི་ཞིང་ཆེན་གྱི་ས་གཤིས་ལས་མིས་པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་དུ་འཐུང་ཆུ་སྤུས་ལེགས་ཤིག་གི་མགོ་ཁོངས་རྙེད་བྱུང་བས། ཡུལ་དེའི་འཐུང་ཆུ་དཀོན་པའི་དཀའ་ངལ་སེལ་ཐུབ་རྒྱུར་རེ་བ་ཡོད་པ་རེད།

གསར་འགོད་པས་ཤེས་གསལ་ལྟར་ན། རང་རེའི་ཞིང་ཆེན་གྱི་མགོ་ལོག་ཁུལ་དུ་ཆགས་པའི་པདྨ་རྫོང་ལ་ཆུ་བོའི་འབབ་རྒྱུན་དང་ཆར་ཆུ་མོད་པོ་ཡོད་ན་ཡང་སྡོད་དམངས་ཀྱི་རྒྱུན་སྤྱོད་འཐུང་ཆུ་ཧ་ཅང་ཉུང་ལ། ལྷག་པར་དགུན་དཔྱིད་ཀྱི་དུས་ཚིགས་ནང་སྡོད་དམངས་ཀྱི་རྒྱུན་སྤྱོད་འཐུང་ཆུ་ལེན་ས་ཧ་ཅང་དཀོན་པས། པདྨ་རྫོང་གི་སྡོད་དམངས་ཁྲི3.6ལ་མཚོན་ན་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ད་སྔ་པདྨ་རྫོང་གི་འཐུང་ཆུ་དེ་དུས་རབས་སྔོན་མའི་ལོ་རབས90པའི་ནང་དུ་ཤང་དང་གྲོང་རྡལ་གྱིས་ཆུ་མགོ་དང་ཡང་ན་དགོས་དབང་གིས་བསྐྲུན་པའི་ཆུ་མཛོད་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་ན་ཡང་། དུས་ཡུན་རིང་པོ་འགོར་ཕྱིན་ཆུ་མཛོད་ཀྱི་ཆུ་ཇེ་ཉུང་དང་ཡང་ན་ཆུ་འཐེན་སྦུ་གུ་འགག་ཅིང་། ཡུར་བ་སོགས་ཆུ་ལོག་གིས་གཏོར་སྐྱོན་ཐེབས་ནས་ཆུ་མཛོད་དུ་རྒྱུན་པར་འདྲེན་ཐུབ་ཀྱིན་མེད་ལ། ཆར་ཆུ་མོད་པ་དང་གངས་འཁྱགས་ཞུ་བའི་དུས་ཚིགས་སུ་ཆུ་མཛོད་ཀྱི་ཆུ་རྙོག་པོར་གྱུར་ནས་རྫོང་དེའི་མང་ཚོགས་ཀྱི་རྒྱུན་སྤྱོད་འཚོ་བའི་འཐུང་ཆུ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། གནད་དོན་དེ་ཐག་གཅོད་ཆེད་ལ། ཞིང་ཆེན་ཆུ་ལས་ཁོར་ཡུག་རྟོག་ཞིབ་གླིང་གིས་ལས་བྱེད་པ་སྒྲིག་འཛུགས་ཐོག་པདྨ་རྫོང་གི་ས་ཐོག་ཏུ་མངགས་ནས་རྩད་ཞིབ་བྱེད་དུ་བཅུག ཉེ་བའི་ལོ་གཅིག་རིང་ལ་འབད་འབུངས་བྱས་མཐར་པདྨ་རྫོང་གི་སེ་ལེ་ཐང་རྨ་ཁོག་གཙང་པོའི་སྟོད་རྒྱུད་ཀྱི་ལེ་དབར18མཚམས་ཀྱི་གྲམ་གཞུང་ནས་ས་འོག་ཆུ་ཁོངས་འཚོལ་རྙེད་པ་བྱུང་ཞིང་། ཆུ་སྤུས་ལ་ཁག་ཐེག་བྱ་ཆེད་ལས་བྱེད་པས་སྔོག་འདོན་རང་བཞིན་གྱི་ཆུ་ཡར་དྲངས་ནས་ཟླ་བ་གཅིག་རིང་ལ་ཚོད་ལྟ་བྱས་པ་ན། ཆུ་མང་ཉུང་གི་ཚད་ཉིན་རེར་སྨི་རྒྱ་དཔངས་ལྷམ་པ7580ལ་སླེབས་པ་དང་། དེ་དང་པདྨ་རྫོང་གི་ཡུན་རིང་བོ་ཞིག་སྟེ2030ལོའི་བར་དུ་ཉིན་རེར་སྨི་རྒྱ་དཔངས་ལྷམ་མ5000ཙམ་སྤྱོད་དགོས་པ་དང་བསྡུར་ནས་བལྟས་ན། གོང་དུ་རྙེད་སོན་བྱུང་བའི་ཆུའི་མང་ཉུང་དེས་པདྨ་རྫོང་གི་འཐུང་ཆུའི་དགོས་མཁོ་གཞི་ནས་བསྐང་ཐུབ་པར་མ་ཟད། ཆུ་ཁོངས་དེའི་ཆུ་སྤུས་ཀྱང་རང་བྱུང་གི་འཐུང་ཆུ་ལས་གཏེར་ཆུའི་ཆུ་སྤུས་ཀྱི་ཚད་གཞི་དང་ལྡན་པ་རེད།

དེ་དང་ཆབས་ཅིག་ཏུ། ཞིང་ཆེན་ཆུ་ལས་ཁོར་ཡུག་རྟོག་ཞིབ་གླིང་གིས་ཡང་བསྐྱར་འཕྲིན་བཟང་ཞིག་བཏང་བ་ནི། པདྨ་རྫོང་གི་གྲུབ་ཆེན་ཤང་དང་རྨ་ཁོག་ཆུ་ཤང་གི་ས་འོག་ནས་ཆུ་ཁོངས་རྩད་ཞིབ་བྱས་པར། ཤང་དེ་གཉིས་ཀྱིས་ཆུ་མགོའི་ཁྲོན་པ་བཟོས་ཚར་འདུག ད་སྔ་ཁྲོན་པར་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་མ3000ཡི་ཆུ་འབབ་ཀྱི་འདུག་ལ། ཚུལ་དེར་བལྟས་ཡོང་ན་པདྨ་རྫོང་གི་གྲུབ་ཆེན་ཤང་དང་རྨ་ཁོག་ཆུ་ཤང་གི་ཞིང་འབྲོག་མང་ཚོགས་ཀྱིས་ཆུ་སྤུས་ལེགས་ཤོས་ཀྱི་འཐུང་ཆུ་བེད་སྤྱོད་ཐུབ་ཀྱི་ཡོད་པ་ཤེས་ཡོང་། འཐུང་ཆུའི་གནད་དོན་རྩ་བ་ནས་ཐག་གཅོད་ཕྱིར་པདྨ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ས་གཤིས་བཟོ་བཀོད་ས་ཁམས་ཁོར་ཡུག་དང་ས་གཤིས་རྟོག་ཞིབ་གླིང་བར་ཡུན་རིང་གི་མཉམ་ལས་འབྲེལ་བ་བཙུགས་ཏེ། མ་འོང་བའི་ལོ་ལྔའི་ནང་དུ་པདྨ་རྫོང་གི་ཤང་དང་གྲོང་རྡལ་དང་དགོན་སྡེ་སོགས་ས་ཆ་ལྷག་མ་རྣམས་སུ་ཆུ་མགོ་རྩད་ཞིབ་དང་ཆུ་འདྲེན་གྱི་ལས་གཞི་སྤེལ་ཏེ། 2025ལོ་སླེབས་དུས་པདྨ་རྫོང་ཁོངས་གཏོགས་ཀྱི་ཤང་དང་གྲོང་རྡལ། དགོན་སྡེ། ཞིང་གྲོང་སོགས་ལ་ས་འོག་གི་ཆུ་གཙང་མ་བཏོན་ནས་འཐུང་ཆུའི་གནད་དོན་རྩ་བ་གནས་ཐག་གཅོད་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། 

ཁོན་ཐར་འཚོས་བསྒྱུར།