ད་ལོའི་རང་ཞིང་གི་སྤྱི་ཚོགས་འགན་སྲུང་ཐད་ཀྱི་གཏམ་བཟང་འགའ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལས་འཁྱུར་ངལ་གསོ་བའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཚད་གཞི་མུ་མཐུད་ཇེ་མཐོ་དང་། རྩིས་གཉེར་དང་ལས་རིགས་སློབ་གྲྭའི་དགེ་རྒན་སོགས་ལས་གནས་ཐོབ་ཐང་བཅོས་སྒྱུར་གྱི་ལས་ཀ་རབ་དང་རིམ་པ་མགྱོགས་པོར་སྐུལ་སྤེལ། ཞིང་པ་ཞོར་ལས་པའི་གླ་ཕོགས“ཆད་འགྱངས་མི་བྱེད་པ”སོགས་གཏམ་བཟང་བྱུང་ཡོད་པས། ཉེ་ལམ་གསར་འགོད་པས་ཚུལ་དེར་ཤེས་རྟོགས་བྱས་པ་ན། དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བྱ་བ་འཐུས་ཤོར་མེད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུའི་འཆར་གཞི་ཡོད་སྐད།

དེ་ཡང་གཏམ་བཟང་དང་པོ། ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་ཡོངས་ནས་མཐོར་འདེགས་གཏང་རྒྱུ།

ད་ལོར་ལས་ཞུགས་གཏན་པོ་ཡོང་བ་དེ་འོས་འགན་དང་པོ་དང་དོན་ཆེན་གྱི་གལ་འགངས་སུ་བརྩིས་ཏེ། ལས་ཞུགས་ལས་ཀའི་ལམ་ལུགས་དང་སྲིད་ཇུས་མ་ལག་འཐུས་ཚང་ལ་སྔར་བས་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་ཀྱི་འཕེལ་ཕྱོགས་བརྟན་པོ་ཡོང་པར་འགན་ལེན་བྱ་རྒྱུ། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི6ལས་ཞུགས་སུ་གསར་སྣོན་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས105ལས་ཞུགས་སུ་བསྒྱུར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་བརྒྱད་ཟབ་སྦྱོང་ལ་འཇུག་པ། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད85%ཡན་ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད3.5%ནང་ཚོད་འཛིན་བཅས་བྱ་རྒྱུ།

《དེང་ཕྱིན་གྱི་དུས་སྐབས་ཤིག་ནང་ལས་ཞུགས་ལ་སྐུལ་སྤེལ་ལེགས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》འདོན་རྒྱུ་དང་། 《བསམ་འཆར》དེ་ནི་རང་རེའི་ཞིང་ཆེན་གྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དམིགས་ནས་བཟོས་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་།སྲིད་ཇུས་ཐར་ཐོར་ཅན་དང་དོན་འཁྱོལ་བྱེད་དཀའ་བའི་གནད་དོན་ཐག་གཅོད་དང་། སྲིད་ཇུས་ཀྱི་ཕན་འབྲས་བཟང་པོ་གློད་པའི་ཆེད་རེད། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་འགོད་ལག་བསྟར་བྱས་ཏེ། ཐབས་ལམ་དུ་མ་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་བྱ་རྒྱུ་དང་། ལོ་གསུམ་གྱི་ན་གཞོན་ཁྲི་མ་འབུམ་གྱི་ལྟ་སྦྱོང་འཆར་འགོད་དོན་འཁྱོན་བྱས་ནས་ན་གཞོན་ལས་ཞུགས་ལ་ཕན་པའི་ཕུགས་ཕན་གྱི་ལམ་ལུགས་རིམ་གྱིས་ཆགས་སུ་འཇུག་རྒྱུ། ཐོན་ནུས་གཅོག་པའི་ལས་བཟོ་པ་བགོ་འགྲེམས་བཀོད་སྒྲིག་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་སུ་བསྒྱུར་བ། ཞིང་པ་ཞོར་ལས་པ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ། དམག་ཁོངས་ནས་བུད་པའི་དམག་མི་ལས་ཞུགས་ལ་སྐུལ་བ། ལས་ཞུགས་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ལས་ཀ་ཏན་ཏིག་བསྒྲུབ་རྒྱུ།

གཏམ་བཟང་གཉིས་པ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཐོབ་སྣང་ཇེ་མང་དུ་གཏང་རྒྱུ།

ད་ལོར་སྤྱི་ཚོགས་འགན་སྲུང་ལས་ཀའི་གནད་གཙོ་བོ་ནི། མཐའ་སྐྱོང་འགན་ལེན་ནུས་པ་ཇེ་དྲག་དང་། ལམ་ལུགས་བཅོས་སྒྱུར་གཏིང་ཟབ། ཐེབས་རྩའི་ཉེན་ཁ་འགོག་ཟོན་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི“གཏན་བརླིང་ཆས”དང་“བདེ་འཇགས་དྲ་བ”ཡི་ནུས་པ་འདོན་སྤེལ་བྱ་རྒྱུ། རྒན་གསོའི་འགན་བཅོལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ལས་འཁྱུར་ངལ་གསོ་བའི་གཞི་རྩའི་རྒན་གསོ་མ་དངུལ་ཚད་གཞི་ཇེ་མཐོར་གཏང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཕོགས་ཐོབ་གཏན་འཁེལ་དང་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ལམ་ལུགས་རྒྱུན་ལྡན་སྙོམས་སྒྲིག ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ཀྱི་ལྟེ་བའི་སྙོམས་སྒྲིག་ལམ་ལུགས་བཅས་ལག་བསྟར་མཐའ་འཁྱོལ་བྱས་ནས་མུ་མཐུད་ནས་གཞུང་གཉེར་དོན་ལས་ལས་ཁུངས་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་བཅོས་སྒྱུར་དང་། གསར་དུ་ལས་འཁྱུར་ངལ་གསོ་བྱས་པ་རྣམས་ལ་བྱེད་ཐབས་གསར་པའི་ནང་བཞིན་ཕོགས་ཐོབ་རྩིས་སྤྲོད་བྱ་རྒྱུ།

སྤྱི་ཚོགས་འགན་སྲུང་གི་གྲོན་གཅོག་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། ཉེ་ལམ་གཏན་ལ་ཕབ་ནས་བཏོན་པའི་རྒན་གསོ་འགན་ལེན་ལས་ཁུངས་ཀྱིས་གྲོན་དངུལ་བསྡུ་ཚད་མར་གཅོག་པའི་ཇུས་གཞི་ཞིབ་ཕྲ་དེ་ས་གནས་ཁག་གིས་གཅིག་གྱུར་ཐོག་རྒན་གསོ་འགན་བཅོལ་གྲོན་ཚད་ཇེ་དམའ་དང་། དུས་རིམ་རང་བཞིན་གྱི་ལས་ཤོར་ཇེ་ཉུང་། ལས་རྨས་འགན་བཅོལ་གྲོན་ཚད་འོས་གཅོག་བཅས་ཀྱི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དུ་འཇུག་རྒྱུ།

ཞིང་ཆེན་སྲིད་གཞུང་གིས་གནས་སྐབས་སུ་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པའི་ཁེ་ལས་ལ་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཕྱིར་སློག་དང་། ལག་རྩལ་རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་ལྷུག་གཏོང་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་མཐའ་འཁྱོལ་བ་བྱས་ཏེ་ལས་གནས་གཏན་འཇགས་ལ་ཤུགས་སྣོན་དང་རྩལ་ནུས་ཀྱི་མཐོར་འདེགས་ཀྱི་ཁ་གསབ་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་ཇེ་མཐོར་འོས་འཚམ་རེ་བཏང་ནས་ཁེ་ལས་ཀྱི་ཐོན་སྐྱེད་མ་རྩ་ཇེ་ཉུང་དང་། ཁེ་ལས་ཀྱི་འཕེལ་རྒྱས་གཏན་འཇགས་ཡོང་བར་སྐུལ་སྤེལ་བྱ་རྒྱུ། ལས་རྨས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་ལག་བསྟར་བྱེད་ཐབས་དང་འབྲེལ་ཡོད་སྲིད་ཇུས་ཆ་ཚང་གཏན་ལ་ཕབ་ནས་བཟོ་སྐྲུན་ལས་རིགས་ཀྱི་ལས་རྨས་འགན་བཅོལ་བསྒྲུབ་པའི་ཕུགས་ཕན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་དང་ཆུ་བེད་སོགས་ལས་རིགས་སྐུལ་སྤེལ་བྱེད་པར་ལས་གཞི་ལྟར་ལས་རྨས་འགན་བཅོལ་བསྒྲུབ་པ་དང་། ལས་རྨས་འགན་ལེན་གྱི་འབྲེལ་ཡོད་ཕོགས་ཐོབ་སྙོམས་སྒྲིག་འོས་འཚམ་བྱ་རྒྱུ།

ད་ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་རྒན་གསོ་དང་ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་འབོར་སོ་སོ་ཁྲི393.84དང་། 42.87། ཁྲི70བཅས་ལ་བསླེབས་ཡོད་པ་རེད།

གཏམ་བཟང་གསུམ་པ། འཇོན་མིའི་མི་དོན་དོ་དམ་ཞབས་ཞུ་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏང་རྒྱུ།

འཇོན་མི་སྐྱེད་སྲིང་ལམ་ལུགས་མུ་མཐུད་ནས་འཐུས་ཚང་དུ་བཏང་སྟེ། མིའི་ནུས་པ་གང་ལེགས་འདོན་པར་ཕན་པའི་འཇོན་མིའི་དཔྱད་འཇོག་ཐད་སྤོད་པའི་ལམ་ལུགས་དང་དགོས་ངེས་འཁྲིད་སྟོན་དུ་འཛིན་པའི་འཇོན་མི་འགྲོ་འོང་གི་ལམ་ལུགས་མགྱོགས་པོར་བཟོ་རྒྱུ། ཆེད་ལས་ལག་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ། འཇོན་མིའི་དཔྱད་འཇོག་ལམ་ལུགས་རིགས་དབྱེ་ནས་བཅོས་སྒྱུར་ལ་སྐུལ་སྤེལ་དང་། ལས་གནས་ཐོབ་ཐང་ལམ་ལུགས་བཅོས་སྒྱུར་གྱི་འོས་འགན་དོན་འཁྱོལ། རྩིས་གཉེར་པ་དང་། ལས་རིགས་སློབ་གྲྭའི་དགེ་རྒན་སོགས་ཀྱི་ལས་གནས་ཐོབ་ཐང་རབ་དང་རིམ་པའི་བཅོས་སྒྱུར་མགྱོགས་པོར་སྐུལ་སྤེལ་བཅས་བྱས་ནས་ལས་རིགས་མི་འདྲ་བའི་ཆེད་མཁས་འདེམ་བསྐོ་དང་“གསར་གཏོད་འཇོན་མི་རྩེ་གྲ”སྐོར་བཞི་བ་འདེམས་པའི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ།

ལག་རྩལ་ལེགས་ཤོས་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ལག་རྩལ་བཟོ་པའི་ཕོགས་ཐོབ་ཇེ་མཐོང་གཏོང་བ་དང་། ཁེ་ལས་ཀྱི་རྣམ་པ་གསར་པའི་སློབ་ཕྲུག་ལམ་ལུགས་བཅོས་སྒྱུར་གྱི་ལག་བསྟར་བསམ་འཆར་བཏོན་ནས་བཟོ་སྐྲུན་ལག་རྩལ་ཁྱབ་ཁོངས་ཀྱི་རྩལ་ནུས་འཇོན་མི་དང་བཟོ་སྐྲུན་ལག་རྩལ་པ་ཕན་ཚུན་ཡར་རྒྱས་ཀྱི་འབྲེལ་ལམ་གཟུག་རྒྱུ།

དོན་ལས་ལས་ཁུངས་ཀྱི་མི་དོན་དང་ཕོགས་དངུལ་ལམ་ལུགས་ལ་བཅོས་སྒྱུར་ཟབ་མོ་བྱས་ནས་ལས་རྐང་ཇུས་སྒྲིག་དོ་དམ་དང་། མི་སྣའི་ལས་རྐང་བརྗེ་སྒྱུར། ཞིབ་དཔྱད་གཟེངས་བསྟོད་ལ་སོགས་ཀྱི་ལས་ཀ་གཙོ་བོ་སྐུལ་སྤེལ་བྱ་རྒྱུ། དོན་ལས་ལས་ཁུངས་ཀྱི་ལས་བསྡུ་ལེགས་པོར་བསྒྲུབ་ནས་མི་དོན་དོ་དམ་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་འཛུགས་པར་ཤུགས་སྣོན་དང་། འཇོན་མིའི་མི་དོན་ཁྱབ་ཁོངས་ཀྱི་ལམ་ལུགས་བཅོས་སྒྱུར། དོན་དག་གི་ཐོག་མཐའ་བར་གསུམ་ལ་ལྟ་རྟོག་བྱས་ནས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏང་རྒྱུ། ཆ་རྐྱེན་ཞན་པའི་མཐའ་ཁུལ་གྱི་ཕོགས་སྣོན་རྒྱུན་ལྡན་འཕར་སྣོན་ཡོད་པའི་ལམ་ལུགས་དོན་འཁྱོལ་བྱས་ནས་ས་ཁུལ་དེ་དག་གི་དོན་ལས་ལས་ཁུངས་ཀྱི་ཕོགས་སྣོན་ཚད་གཞི་མུ་མཐུད་ནས་སྙོམས་སྒྲིག་བྱ་རྒྱུ།

གཏམ་བཟང་བཞི་པ། ནུས་ཤུགས་ཡོད་རྒུས་ངལ་རྩོལ་འབྲེལ་བ་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་ལེན་བྱ་རྒྱུ།

ལོ་ཧྲིལ་བོར་ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་གསབ་ཀྱི་ཚད97%ཡན་དང་། ཁེ་ལས་ཀྱི་ངལ་རྩོལ་གན་རྒྱ་བཞག་ཚད93%ཡན། ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་གྱོད་སྒྲུབ་ཚད95%ཡན་བཅས་ལ་སླེབས་སུ་འཇུག་རྒྱུ། “གླ་ཆ་ཆད་འགྱངས་བཅོས་སྒྲིག”ལེགས་པོ་བྱས་ཏེ། “ཆད་འགྱངས་ཀྱི་གནད་དོན་ཧ་ལམ་མི་འབྱུང་བའི”དམིགས་འབེན་ལ་བརྩོན་ལེན་བྱས་ནས་གླ་ཆ་དུས་ལྟར་ཞིང་པ་ཞོར་ལས་པའི་ལག་ཏུ་འབྱོར་བའི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ།

གཏམ་བཟང་ལྔ་པ། རྩལ་དགུ་བཏོན་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དབུལ་སྐྱོར་འགག་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ།

དབུལ་སྐྱོར་སྲིད་ཇུས་ལག་བསྟར་དམ་འཛིན་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དབུལ་སྐྱོར“1+3”ཞེས་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་དོན་འཁྱོལ་དང་། ལས་ཞུགས་དང་རྩལ་ནུས། སྤྱི་ཚོགས་འགན་སྲུང་གི་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་མུ་མཐུད་དུ་བརྒྱབ་ནས་དབུལ་ཕོངས་ངལ་རྩལ་ནུས་ཤུགས་ཁྲི་གཅིག་ཡན་ལས་ཞུགས་སུ་བསྒྱུར་དགོས་པ་དང་། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི1.2ཡན་སྒྲིག་འཛུགས་བྱས་ནས་རྩལ་ནུས་ཟབ་སྦྱོང་ལ་མངག་རྒྱུ། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་རང་བདག་ལས་གཏོད་པ100ཡན་ལ་རོགས་སྐྱོར་རྒྱུ་བཅས་དབུལ་པོ་མང་པོ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོ་འགན་ལེན་གྱིས་འགན་ལེན་བྱ་དགོས་པ་རྣམས་འགན་ལེན་བྱེད་དུ་འཇུག་རྒྱུ།

ཁོན་ཐར་འཚོས་བསྒྱུར།