རང་ཞིང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ནུས་ཤུགས་ཡོད་རྒུས་ཡུལ་ཤུལ་གྱི་ཁངས་གནོད་ལ་རོགས་རམ་ལས་སྒོ་སྤེལ་བ།

ཡུལ་ཤུལ་དུ་ཁངས་སྐྱོན་བྱུང་རྗེས།རང་ཞིང་གི་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་ཧུར་ཐག་སྤྱད་ཅིང་ནུས་ཤུགས་ཡོད་རྒུས་གནོད་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་རེད། ད་ལྟའི་ཆར་ཡུལ་ཤུལ་གྱི་ཁངས་སྐྱོན་གནོད་སྐྱོན་བྱུང་ཚུལ་ཚོད་འཛིན་བྱེད་ཐུབ་པའི་རྣམ་པར་གནས་ཏེ། གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་སྒྲིག་རིམ་དང་མང་ཚོགས་ཀྱི་བསམ་ཚུལ། ཚོང་རའི་ཟོག་གོང་སོགས་བརྟན་པོ་ཡིན་ཞིང་གཟན་ཆག་གསོག་འཇོག་ངེས་ཅན་ཡོད་ལ། འབྲོག་དུད་མང་ཆེ་བར་འབྲུ་རིགས་དང་བུད་རྫས་འདང་མ་ཡོད།

ན་ནིང་ཟླ12པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་བསྟུད་མར་གཞི་ཁྱོན་ཆེན་པོར་ཁངས་འབབ་པའི་གནམ་གཤིས་ཐེངས6བྱུང་། ཁ་བ་ཐེངས6བབས་པའི་གནམ་གཤིས་རྒྱུན་མཐུད་དུས་ཡུན་རིང་བ་དང་། ཁངས་མཐུག་པ། དཀའ་ཚད་ཆེ་བ། ཁྱབ་རྒྱ་ཆེ་བ་བཅས་ཡིན་པ་མ་ཟད། གྲང་ངར་ཡང་ཆེ་བས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་ཁ་ཤས་སུ་ཁངས་སྐྱོན་ཚབས་ཆེན་བྱུང་བས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།

གནོད་འཚེ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རང་ཞིང་གི་སྡེ་ཁག་སོ་སོས་འཕྲལ་མྱུར་རོགས་སྐྱོབ་ཀྱི་བྱ་བ་བཀོད་སྒྲིག་བྱས་ཏེ། ཐོག་མའི་དུས་ཚོད་ནང་ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་མངགས་ནས་གནོད་ཐེབས་གནས་ཚུལ་རྒྱུས་ལོན་དང་གནོད་སེལ་རོགས་སྐྱོར་བྱེད་པར་མཛུབ་སྟོན་བྱས། ས་གནས་དེ་གར་འཕྲལ་མར་བསྐྱོད་དེ་ཁངས་སྐྱོན་སེལ་བའི་ཇུས་གཞི་ལག་བསྟར་དང་།ཉེན་སྐྱོབ་གནོད་སེལ་བྱ་བ་སྒྲིག་འཛུགས།རིམ་པ་ཁག་གི་ལས་བྱེད་པ་རྣམས་བྲེལ་མྱུར་ངང་ཁངས་འགོག་རྒུད་སྐྱོབ་ཀྱི་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་རེད། 

ད་ལྟའི་ཆར། ཞིང་ཆེན་དང་ཁུལ་གྱིས་གེགས་སེལ་མ་དངུལ་སྒོར་ཁྲི1500དང་།གནོད་འཚེ་གཏོང་སྤྲོད་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི1155བཀོད་སྒྲིག་བྱས་ཤིང་།གེགས་སེལ་འབྲུ་རིགས་ཏུན་480.3དང་། དངོས་ཟོག་སྣ་ཚོགས་ཁག9680གཏོང་སྤྲོད་བྱས་ཡོད།གཟན་ཆས་གཏོང་འདྲེན་ཏུན221831ལེགས་གྲུབ་བྱུང་། འཕྲུལ་ཆས68བཏང་ནས་ཁངས་ལམ་སྤྱི་ལེ2228གཙང་ཕྱགས་བྱས་ཏེ། ཁུལ་དང་རྫོང་གི་བགྲོད་ལམ་ཤར་གཏོང་བྱས་པར་མ་ཟད། གྲོང་གསེབ་ཀྱི་གཞུང་ལམ་མང་ཆེ་བ་ཡང་ཤར་གཏོང་ཐུབ་པ་བྱས།

ལོ་ཙཱ་བ།རྟ་མགྲིན་དཔལ།