ཝང་ཅན་ཅུན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་རུ་སོང་ནས་དབུལ་ཐར་འགག་སྒྲོལ་ལས་དོན་ཐད་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2པའི་ཚེས11ཉིན། ལོ་སར་རྗེས་ཀྱི་ལས་ཞུགས་ཉིན་དང་པོའི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་རུ་སོང་ནས། དབུལ་སྐྱོར་འཐབ་ཕྱོགས་ཐོག་གི་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། དབུལ་སྐྱོར་མཁྲེགས་གཏོར་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་དབུལ་སྐྱོར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཐད་ནས་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་སྒོས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་གཞུང་སྒྲུབ་ཁང་དང་འཆར་འགོད་ནོར་སྲིད་ཁྲུའུ། སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་སོགས་སུ་སོང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ལས་འགན་སུ་འབད་འཐབ་བྱེད་བཞིན་པའི་ལས་བཟོ་པར་འཚམས་འདྲི་དང་བཀའ་དྲིན་ཞུས་པ་མ་ཟད། བྱེ་བྲག་གི་བྱ་བའི་ཐད་ནས་ཚང་མ་དང་གླེང་མོ་བྱས་པ་རེད།

ཞིང་ཆེན་དང་ཡུལ་ཤུལ་ཁུལ། བ་ཡན་རྫོང་དབུལ་སྐྱོར་སྡེ་ཁག་གི་འགན་ཁུར་མི་སྣ། བ་ཡན་རྫོང་བ་ཡན་གྲོང་རྡལ་བུ་རྒྱུད་གོང་མ་སྡེ་བ་སོགས་ཀྱི་ཧྲུའུ་ཅི་དང་པོའི་གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་ཉེ་བའི་ལོ་འདི་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་ནི་ད་ལོ་དང་སང་ལོའི་ཏང་ཡོངས་ཀྱི་བྱ་བ་གཙོ་བོ་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རིག་ལམ་གསལ་པོ་བྱས་ནས་དབུལ་ཕོངས་དང་དཀའ་ཁག་གི་འབྲེལ་བར་རྒྱུས་ལོན་ཡང་དག་དང་། ཚུལ་བསྒྱུར་དང་འཕེལ་རྒྱས་ཁྲོད་ཀྱི་དབུལ་ཕོངས་ལ་ལྟ་སྟངས་བཟང་བོ་འཛིན་པ། ཏང་ཨུ་དང་སྲིད་གཞུང་། ལས་བྱེད་པའི་བརྩོན་སེམས་ཆེར་སྐྱེད་དགོས་པ་མ་ཟད། མང་ཚོགས་དང་ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་ཆེར་བསྐྱེད་དེ། ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ལས་འགན་ཡོངས་འགྲུབ་བྱ་དགོས་ཟེར།

ཝང་ཅན་ཅུན་གྱིས། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ཐད་ནས་མཚོ་སྔོན་ཞིང་ཆེན་ལ་ཕྱོགས4ཐད་ཀྱི་གནད་དོན12ཕྱིར་ལྡོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གཏན་ཁེལ་རང་བཞིན་གྱི་རྨང་གཞི་འདིང་རྒྱུ་བཀོད་སྒྲིག་བྱས་པས། ངེས་པར་དུ་མཐོང་ཆེན་བྱེད་པ་དང་མྱུར་དུ་འགུལ་སྐྱོད་བྱེད་དགོས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནས་གཙོ་འགན་ཁུར་བའི་སྡེ་ཁག རིམ་པ་སོ་སོའི་ལས་བྱེད་པ་ནས་ཧྲུའུ་ཅི་དང་པོ་ཚང་མས་ཏན་ཏན་ཏིག་ཏིག་དང་ནན་ནན་ཏན་ཏན་གྱིས་རང་འགན་བྱ་བ་བཟང་པོར་བསྒྲུབ་དགོས་ཞེས་བསྟན།

ཡན་ཅིན་ཧའེ་དང་ཡུས་ཚོང་ལི་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།