ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གོང་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བདེ་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་བཟང་པོ་ཞུས་པ།

ཟླ2ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲིའང་གནང་བ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་1ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་མདུན་སྒོའི་ཤར་ཁུལ་གྱི་ཚའོ་ཁྲང་སྲང་ལམ་བཞི་པའི་སྒོ་རྟགས་ཨང་32པའི་སྒོ་རའི་ནང་དགྱེས་ཚོར་ཆེན་པོའི་ངང་རྒྱ་ཡིག“福”ཞིག་བསྣམས་ནས་སྒོ་སྟེང་དུ་སྦྱར་གནང་བ་དང་གྲོང་མི་རྣམས་ལ་ལོ་གསར་གྱི་འཚམས་འདྲི་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བདེ་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་བཟང་པོ་ཞུས་པ་རེད།

དགུན་དུས་ཀྱི་པེ་ཅིང་དུ་ནམ་མཁའ་སྔོ་ཞིང་ཉི་འོད་རབ་ཏུ་འཚེར། ཟླ་2ཚེས་1ཉིན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་དང་ཧྲི་ཀྲང་ཁྲེན་ཅེ་ཉིང་གི་ཕེབས་རོགས་འོག་ལས་ཁུངས་དང་། སྡེ་ཁུལ། དགུན་དུས་སྦྱོང་བརྡར་ལྟེ་གནས་བཅས་སུ་རྟོག་ཞིབ་གནང་བར་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་མཚོན་པར་གནང་བ་རེད།

སྔ་དྲོ་ཞི་ཅིན་ཕིང་དང་ཐོག་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཕེབས་ཏེ་མཉམ་གྲུབ་དམག་འཐབ་བཀོད་འདོམས་ལྟེ་གནས་དང་བཀོད་འདོམས་ཚོམས་ཆེན་དུ་ཕེབས་པ་རེད། བཀོད་འདོམས་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་འཐབ་ས་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་སྦྲེལ་མཐུད་གནང་སྟེ་ཁོང་ཚོར་ཟོལ་མེད་ཀྱི་འཚམས་འདྲི་དང་། བདེ་འཇགས་ལ་དོ་སྣང་དང་གཟུགས་པོར་བདག་གཅེས་བྱེད་དགོས་པའི་བཀའ་མངགས་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་ལོ་གསར་གྱི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་དུས་ཆེན་གཏོང་རིང་རྒྱལ་ཡོངས་དང་ལྷག་པར་དུ་རྒྱལ་སའི་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་ཏང་ཀྲུང་དབྱང་གིས་དོ་ཁུར་ཆེན་པོ་བྱེད་པ་དེ་ནི་མི་དམངས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་རྒྱུ་ཡོང་བའི་ཆེད་དུ་རེད། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས། རྒྱལ་སའི་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་པར་པེ་ཅིང་གྲོང་ཁྱེར་གྱི་ལས་འགན་གཟི་བརྗིད་ཆེ་བ་དང་། འགན་འཁྲི་ལྕི་བ། ལས་འགན་དཀའ་ཚེགས་ཆེ་བ་བཅས་ཡོད་པས། ཕྱོགས་ཁག་གི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ལས་འགན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་རྒྱལ་ཡོངས་མི་དམངས་བློ་བདེ་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས་པེ་ཅིང་གྲོང་ཁྱེར་དུ་ལོ་གསར་གྱི་རྣམ་པ་ཟབ་ཅིང་། ཁྲོམ་གཞུང་དང་སྲང་ལམ་ཁག་ཏུ་རྣམ་པར་བཀྲ་བའི་ལྒང་བཞུས་བརྒྱན་པ་དང་ཁྱིམ་དུད་ཚང་མས་དཔྱིད་གསར་དུས་ཆེན་དགའ་བས་བསུ་རྒྱུར་སྟ་གོན་བྱེད་བཞིན་མཆིས། ཞི་ཅིན་ཕིང་མདུན་སྒོའི་ཤར་ཁུལ་གྱི་ཚའོ་ཁྲང་སྲང་ལམ་བཞི་པར་ཞབས་ཐང་དུ་ཕེབས་ཏེ་སྲང་ལམ་གྱི་རྣམ་པར་གཟིགས་པ་དང་། ས་ཁོངས་འཆར་འགོད་འཛུགས་སྐྱོང་དང་། གྲོང་ཁུལ་རྙིང་པ་སྲུང་སྐྱོབ། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་པེ་ཅིང་གིས་གྲོང་ཁུལ་རྙིང་པ་སྲུང་སྐྱོབ་བཅོས་སྐྱོང་བྱེད་པའི་བསམ་ཕྱོགས་དང་བྱེད་སྟངས་ལ་ཁས་ལེན་གནང་ཞིང་། ཁོང་གིས་གྲོང་ཁྱེར་ཞིག་གི་ལོ་རྒྱུས་ཀྱི་གནའ་ཤུལ་དང་། རིག་གནས་ཀྱི་གནའ་ཤུལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་བཅས་ནི་གྲོང་ཁྱེར་གྱི་སྐྱེ་སྟོབས་ཀྱི་ཆ་ཤས་ཤིག་རེད། གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་དེ་ཉིད་ལོ་རྒྱུས་ཀྱི་གནའ་ཤུལ་སྲུང་སྐྱོབ་དང་ལོ་རྒྱུས་ཀྱི་རྩ་བ་ཉར་ཚགས་བྱ་རྒྱུ་དང་གཅིག་གྱུར་ཡོང་བ་བྱེད་པར་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་དགོས་ལ། ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ལའང་སྲུང་སྐྱོབ་བྱས་ཏེ་ལོ་རྒྱུས་རིག་གནས་དང་དེང་རབས་འཚོ་བ་གཞི་གཅིག་མཉམ་འདྲེས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚའོ་ཁྲང་སྲང་ལམ་དུ་སྔོན་མ་སྡོད་མལ་གྱི་ཆ་རྐྱེན་ཅུང་ཞན་པ་དང་། ད་ཆ་སྒྱུར་བཀོད་བྱས་རྗེས་སྡོད་མལ་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ནས“པེ་ཅིང་རྙིང་པར་རྣམ་པ་གསར་པ་དང་སྲང་ལམ་རྙིང་པར་འཚོ་བ་གསར་པའི”ཉམས་འགྱུར་མངོན་ཡོད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་གྲོང་མིའི་སྒོ་ར་གཉིས་ནང་ཕེབས་ནས་གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱས་རྗེས་ཀྱི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོའི་འཚོ་བ་ཇི་འདྲ་ཡོད་མེད་དང་། དགུན་དུས་གང་ལ་བརྟེན་ནས་དྲོད་ལེན་བྱེད་ཀྱི་ཡོད་མེད། ཟླ་རེར་གློག་རིན་ག་ཚོད་འགྲོ་གི་ཡོད་མེད། ལོ་གསར་མཁོ་ཆས་གྲ་སྒྲིག་ཟིན་ཡོད་མེད་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་སྦྲགས་ཁོང་ཚོར་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་རྒྱ་ཡིག“福”བསྣམས་ནས་སྒོ་སྟེང་དུ་སྦྱར་གནང་བ་དང་དེ་གར་ཡོད་པའི་གྲོང་མི་རྣམས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་བརྩོན་ལེན་བྱེད་པ་ནི་མི་སེར་གྱི་འཚོ་བ་སྔར་བས་ལེགས་སུ་གཏོང་རྒྱུ་དེ་རེད་ཅེས་གསུངས་པ་རེད།

ཚའོ་ཁྲང་སྲང་ལམ་བཞི་པའི“སྒོ་ར་ཆུང་ངུའི་གྲོས་བསྡུར་ཚོམས་ཆེན”དང་སྡེ་ལས་ཞབས་ཞུའི་ས་ཚིགས་ནི་སྡེ་ཁུལ་གྱི་སྤྱི་པའི་ལས་དོན་གྲོས་བསྡུར་བྱ་ཡུལ་ཞིག་ཡིན་ལ། སྡེ་ཁུལ་ལ་ཞབས་འདེགས་ཞུ་བའི་ལས་འགན་གལ་ཆེན་ཁུར་ཡོད། ཞི་ཅིན་ཕིང་གིས་བྱེད་སྟངས་དེ་རིགས་ལ་བསྔགས་བརྗོད་གནང་བ་རེད། ཁོང་གིས“སྒོ་ར་ཆུང་ངུའི་གྲོས་བསྡུར་ཚོམས་ཆེན”བཙུགས་ནས“གྲོང་མིའི་དོན་དག་གྲོང་མིས་གྲོས་བསྡུར་དང་། གྲོང་མིའི་ལས་དོན་གྲོང་མིས་ཐག་གཅོད་བྱེད་དུ་བཅུག་པ”དེས་སྡེ་ཁུལ་གྱི་གྲོང་མིའི་གཏོགས་ཁོངས་ཀྱི་སེམས་པ་དང་བདག་པོའི་འདུ་ཤེས་ཟབ་ཏུ་འགྲོ་བ་དང་། སྡེ་ཁུལ་གྱི་བཅོས་སྐྱོང་དང་ཞབས་ཞུ་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བར་ཕན་པ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་འདི་གའི་གྲོང་མི་རྣམས་ཀྱིས་འཚོ་བའི་ཁོར་ཡུག་གསར་པ་དང་འཚམ་པ་དང་། ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་འཇགས་པ། གད་སྙིགས་རིགས་དབྱེ་དང་ཁོར་ཡུག་འཕྲོད་བསྟེན་ཡག་པོ་ཡོང་བ་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་སྡེ་ལས་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་སྡེ་ལས་ལས་དོན་མི་སྣར་འཚམས་འདྲི་གནང་བ་དང་ཁོང་ཚོར་ལས་གནས་བརྟན་སྲུང་དང་མང་ཚོགས་ལ་སེམས་ཁུར་བྱས་ཏེ་ཚང་མས་དགའ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་ཆེད་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་གསུངས་པ་རེད།

ཕྱིར་ཕེབས་པའི་ལམ་བར་དུ་ཞི་ཅིན་ཕིང་གིས་རླངས་འཁོར་ནས་བབས་གནང་སྟེ་ལམ་འགྲམ་གྱི་ཟ་ཁང་ཆུང་ཆུང་ཞིག་ནང་ཕེབས་ཏེ་ཟ་ཁང་གི་སྦྱིན་བདག་དང་ལྟོ་ཆས་ཟ་མཁན་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཚོང་བྲིན་ཁ་རྒྱུག་མིན་དང་། བཟའ་བཅའི་རྒྱུ་ཆ་གང་ནས་འཐེན་མིན། བྲོ་བ་ཞིམ་མིན་སོགས་མཁྱེན་རྟོགས་གནང་བ་དང་འབྲེལ། ཁོང་ཚོར་བརྒྱ་ཚོང་ཉི་མ་ཤར་ཤར་ཡོང་བའི་སྨོན་འདུན་བཟང་པོ་ཞུས་པ་རེད། དེ་རྗེས་ཞི་ཅིན་ཕིང་གིས་ཟ་ཁང་དེའི་འགྲམ་གྱི་མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་ཤིག་ཏུ་ཕེབས་ནས་ལས་ཀ་བྱེད་བཞིན་པའི“མྱུར་སྐྱེལ་ཕོ་གཞོན”ཚོར་གཟིགས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་སྦྲགས། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་བཟང་པོ་ཞུས་ཡོད། ཞི་ཅིན་ཕིང་གིས“མྱུར་སྐྱེལ་ཕོ་གཞོན”ཚོའི་ལས་ཀ་དཀའ་ཚེགས་ཆེན་པོ་རེད། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་ངང་ཆར་རླུང་ལ་མི་འཛེམས་པར་འགྲོ་དགོས་པ་མ་ཟད། དུས་ཆེན་དང་གུང་གསེང་འཆར་རིམ་བཞིན་དེ་བས་ལས་བྲེལ་ཆེ་བས་དཀའ་ཚེགས་ཆེ་ཤོས་ཀྱི་ངལ་རྩོལ་པ་ཞིག་ཡིན་པ་དེས་ཚང་མའི་འཚོ་བར་སྟབས་བདེ་སྐྲུན་གྱི་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ལས་ཞུགས་ཀྱི་འཐབ་ཇུས་སྔོན་ལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་ཞུགས་ལས་གནས་དེ་བས་མང་བ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཧྲི་ཅིང་ཧྲན་རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་ཁུལ་དུ་ཕེབས་པ་རེད། ཞི་ཅིན་ཕིང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲེམས་སྟོན་ལྟེ་གནས་ཀྱི་ཚོམས་ཆེན་དུ་ཕེབས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་ལས་དོན། ལུས་རྩལ་ཁང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད། ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་སྒོ་ནས་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་མ་ཟད། ལུས་རྩལ་ཁང་རྒྱུན་མཐུད་བེད་སྤྱོད་ཀྱི་གནད་དོན་ཐད་ལའང་བསམ་གཞིག་གང་ལེགས་བྱས་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པའི་སྒོ་ནས་གྲབས་གཉེར་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་ཞེས་གསུངས་པ་རེད།

ཡན་ཆིང་འགྲན་ཁུལ་གྱི་ལུས་རྩལ་ཁང་དུས་ཚོད་དམ་འཛིན་ངང་སྐྲུན་བཞིན་ཡོད་པས། ཞི་ཅིན་ཕིང་གིས་བརྙན་ལམ་ནས་ལུས་རྩལ་ཁང་འཛུགས་སྐྲུན་བྱེད་མཁན་དང་སྦྲེལ་མཐུད་གནང་སྟེ། ཁོང་ཚོར་ལོ་གསར་གྱི་འཚམས་འདྲི་གནང་བ་དང་སྦྲགས། དགུན་དུས་ཨོ་རྩལ་འགྲན་ཚོགས་ལུས་རྩལ་ཁང་འཛུགས་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་འཛུགས་སྐྲུན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ལུས་རྩལ་ཁང་འཛུགས་སྐྲུན་བྱ་རྒྱུ་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ཨོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་མཐའ་འཁྱོངས་དང་ལས་ཡུན་ལྡོག་སྒྲིག་བྱས་ནས་ལུས་རྩལ་ཁང་གསར་སྐྲུན་དང་། རྒྱས་སྐྲུན། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་བཅས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་ངང་ལེགས་གྲུབ་བྱེད་དགོས་པ་དང་སྦྲགས་བེད་སྤྱོད་བྱ་རྒྱུའང་འགན་ལེན་བྱེད་དགོས། ཚན་རྩལ་དང་། བློ་གྲོས། ལྗང་མདོག གྲོན་ཆུང་བསྲི་ཚགས་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྔོན་ཐོན་གྱི་ཚན་རྩལ་བྱ་ཐབས་སྤྱོད་རྒྱུར་དོ་སྣང་བྱེད་པའི་ཁར་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྣོད་བཅུད་ཁོར་ཡུག་དང་རིག་དངོས་གནའ་ཤུལ་སྲུང་སྐྱོང་བྱས་ནས་ཀྲུང་གོའི་ཉམས་འགྱུར་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་གཞུང་ལས་ཁང་ཆེན་དུ་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་མི་སྣ་དང་དང་བླངས་པའི་འཐུས་མིར་གཟིགས་པ་དང་འབྲེལ་འཚམས་འདྲིའང་གནང་བ་རེད། ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་དང་དོན་སྙིང་གལ་ཆེན་ལྡན་པས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་ཧ་ཅང་མཐུན་པ་དང་དུས་རབས་གསར་པའི་པེ་ཅིང་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། པེ་ཅིང་འདི་ཉིད་རྒྱལ་སྤྱིའི་ཐོག་དབྱར་དུས་དང་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གཉིས་ཀ་གཉེར་མྱོང་བའི་གྲོང་ཁྱེར་འབའ་ཞིག་དེར་འགྱུར་རྒྱུ་རེད། ང་ཚོས་ཁ་དན་ཚིག་གནས་དང་བྱ་སྤྱོད་ལ་གྲུབ་འབྲས་ཐོབ་པར་བྱས་ཏེ་ལས་དོན་ཏན་ཏིག་དང་གོ་རིམ་བཞིན་སྤེལ་ནས་རྩལ་འགྲན་གྱི་གཟེངས་བསྟོད་རྟགས་མ་ལེན་དགོས་ལ་བསམ་པའི་གཟེངས་བསྟོད་རྟགས་མ་དང་སྤྱོད་གཙང་གི་གཟེངས་བསྟོད་རྟགས་མའང་བླངས་ཏེ་འཛམ་གླིང་ཡོངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་སྒྲུབ་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ལག་ལེན་བསྟར་ནས་པེ་ཅིང་དང་ཧོ་པེ་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དགུན་དུས་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སུ་ཕེབས་ཏེ་ཐག་ཐུང་མྱུར་ཤུད་ཁང་དུ་འགྲེམས་པང་དང་ཟུང་འབྲེལ་གྱིས་མྱུར་སྟབས་འཁྱགས་ཤུད་དང་གར་སྟབས་འཁྱགས་ཤུད་རྣམ་གྲངས་ཀྱི་ངོ་སྤྲོད་གསན་རྗེས། འཁྱགས་ཤུད་ཁང་དུ་རྒྱལ་ཁབ་མྱུར་སྟབས་འཁྱགས་ཤུད་དང་གར་སྟབས་འཁྱགས་ཤུད་རུ་ཁག་གི་སྦྱོང་བརྡར་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་ཚན་རིག་དང་མཐུན་པའི་སྦྱོང་བརྡར་དང་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་འཇོན་ཐང་ཅན་འདེམས་སྒྲུག་དང་གསོ་སྐྱོང་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་བྱེད་པའི་གཟི་བརྗིད་ཀྱི་བསམ་པ་ཟབ་ཏུ་གཏོང་བ་དང་གྲུབ་འབྲས་ཡག་པོ་གཏོད་པའི་དད་སེམས་བརྟན་དུ་བཏང་ནས་དཀའ་སྤྱད་སྦྱོང་བརྡར་དང་། ནུས་ཤུགས་ཡོད་རྒུས་འགྲན་བསྡུར་གྱི་གྲ་སྒྲིག གྲུབ་འབྲས་ཡག་པོ་གཏོད་པ་བཅས་བྱས་ཏེ་ཚད་བརྒལ་གསར་པ་ཡོང་བའི་བརྩོན་ལེན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཞི་ཅིན་ཕིང་གིས་ལུས་རྩལ་སྟོབས་ཆེར་སོང་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བ་དང་། རྒྱལ་ཁབ་སྟོབས་ཆེར་སོང་ན་ལུས་རྩལ་སྟོབས་ཆེར་འགྲོ་ཐུབ། ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་སེམས་ནུས་གཅིག་ཏུ་སྒྲིལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་ཡང་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།

ཟླ2ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲིའང་གནང་བ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་1ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་རྒྱལ་ཁབ་དགུན་དུས་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སུ་སྦྱོང་བརྡར་བྱེད་བཞིན་པའི་ལུས་རྩལ་པ་དང་རྩལ་འཁྲིད་པར་ལྕག་སྐུལ་གནང་བཞིན་པ།