ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཧུར་ཐག་སྒོས་ཡུལ་ཤུལ་གྱི་གངས་སྐྱོན་ལ་རོགས་རམ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་ཟླ་དང་པོ་ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཁ་བ་ཆེན་པོ་ཐེངས་མང་པོར་བབས་བྱུང་།ཁུལ་ཡོངས་ཀྱི་གྲོང་ཁྱེར1དང་རྫོང5ལ་ཚད་གཞི་མི་འདྲ་བའི་གངས་སྐྱོན་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད།

གནོད་འཚེ་ཐོན་རྗེས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་ཙུའུ་ཆེད་དོན་གྲོས་ཚོགས་འཚོགས་ནས་འབྲེལ་ཡོད་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད་ཡུལ་ཤུལ་གནོད་འཚེ་ཕོག་པའི་ས་ཁུལ་ལ་གནོད་སྐྱོབ་མ་དངུལ་སྒོར་ཁྲི100 བཏང་སྟེ། ཡུལ་ཤུལ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་གནོད་འགོག་གནོད་སྐྱོབ་ཀྱི་ལས་དོན་ཧུར་ཐག་སྤེལ་ཏེ་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ཁག་ཐེག་བྱེད་པའི་བླང་བྱ་བཏོན། རྗེས་མར། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གནོད་ཚུལ་གྱི་འགྱུར་ལྡོག་ལ་མུ་མཐུད་དོ་སྣང་བྱས་ཏེ། དུས་ཐོག་ཏུ་རྒྱ་གྲམ་དམར་པོའི་ཚོགས་པའི་སྤྱི་ཁྱབ་ཚོགས་པ་དང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་སོགས་སྡེ་ཁག་ལ་སྙན་སེང་ཞུ་དགོས་པ་དང་། མ་དངུལ་དང་དངོས་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་གྱི་ལས་དོན་ལེགས་པར་བསྒྲུབ་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།