ཡུལ་ཤུལ་གྱིས་ནུས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་བྱས་ཏེ་སྤྱི་ཡོངས་ཀྱི་གནོད་འཚེ་ཚོད་འཛིན་ཐུབ་པའི་ཚུལ་དུ་གནས་པ།

"ད་ལྟའི་ཆར་སྤྱི་ཡོངས་ཀྱི་གནོད་འཚེ་ཚོད་འཛིན་ཐུབ་པའི་ཚུལ་དུ་གནས་པ་དང་། གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་སྒྲིག་གཞི་གོ་རིམ་བཞིན་ཆགས་པ། ཞིང་འབྲོག་མང་ཚོགས་ཀྱི་བསམ་ཚུལ་བརྟན་པོ་ཡིན་པ། ཚོང་རའི་ཟོག་གོང་བརྟན་པོ་ཡིན་པ། གཟན་རྩྭ་དང་གཟན་ཆས་གསོག་འཇོག་གི་གནོན་ཤུགས་ཆུང་དུ་ཕྱིན་པ། འབྲོག་དུད་ཀྱི་བཟའ་འབྲུ་དང་བུད་རྫས་འདང་བ། ཕྱུགས་ཟོག་ཉེན་འགོག་གུན་གསབ་སྤྲོད་པའི་ལས་དོན་སྤེལ་འགོ་བཙུགས་ཏེ།སྔོན་འགྲོའི་ལས་དོན་སྤེལ་བཞིན་ཡོད། ཡུལ་ཤུལ་ཁུལ་གྱི་གནོད་འགོག་གནོད་སེལ་ལས་ཀའི་མཁོ་བསྟུན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཟླ2ཚེས10ཉིན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་གྱི་ཁངས་སྐྱོན་བྱུང་བའི་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡག་པོ་རོལ་བར་འགན་ལེན་ཏན་ཏིག་དང་།དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཡོང་བར་འགན་ལེན་ཏན་ཏིག་བྱ་ཆེད། ཁུལ་ཡོངས་ཀྱིས་ཁངས་འགོག་གེགས་སེལ་གྱི་གཟན་རྩྭ་གཟན་ཆག་ཏུན5850གཏོང་འདྲེན་བྱས་པ་དང་། འཆར་གཞིའི་ལས་འགན་བརྒྱ་ཆའི100ལེགས་འགྲུབ་བྱུང་།

བསྟུད་མར་ཉིན་འགའི་རིང་། ཡུལ་ཤུལ་ཁུལ་དུ་ཐེངས་མང་པོར་ཁངས་འབབ་པའི་གནམ་གཤིས་བྱུང་བ་དང་།ཁ་བ་འབབ་ཚད་དང་ཁྱབ་རྒྱ་ཆེ་བ་མ་ཟད་གྲང་ངར་ཡང་ཆེ་བས་ཡུལ་ཤུལ་གྱི་གྲོང་ཁྱེར་ཧྲིལ་པོ་དང་རྫོང་ཚང་མར་ཁངས་སྐྱོན་མི་འདྲ་བ་ཕོག་པ་དང་།ས་ཁུལ་ཆ་ཤས་སུ་ཁངས་མཐུག་ཚད་ལི་སྨི་45ཙམ་ཡོད། ཁངས་གསོག་པའི་མཐུག་ཚད་དེ་ཕྱུགས་རྩྭ་དང་རྩི་ཤིང་གི་མཐོ་ཚད་ལས་བརྒལ་བས་ལོ་གཅིག་ལོན་པའི་བེའུ་ཆུང་དང་ལོ་ན་རྒས་པའི་ནོར་ལུག་སོགས་ཤི་བའི་སྣང་ཚུལ་བྱུང་། དེའི་ཁྲོད་རྫ་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་ནི་ཚབས་ཆེ་བའི་རྫོང་ཁོངས་སུ་གཏོགས། གནོད་སྐྱོན་བྱུང་རྗེས།ཞིང་ཆེན་དང་ཁུལ།རྫོང་བཅས་ཀྱི་སྲིད་གཞུང་རིམ་པ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལས་བྱེད་པ་སྒྲིག་འཛུགས་བྱས་ནས་འཐབ་ས་དང་པོར་རྒུད་སྐྱོབ་བྱ་བ་བསྒྲུབས་ཏེ། གནོད་སྐྱོན་ཐེབས་ཚུལ་བརྟག་དཔྱད་དང་། གཟན་ཆག་དབོར་འདྲེན།མང་ཚོགས་ལ་སེམས་གསོ་སོགས་ཀྱི་ལས་ཀར་དུས་ཐོག་ཏུ་བྱ་ཐབས་སྤྱད།

རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས"མི་ལ་འགན་སྲུང་དང་། ཕྱུགས་རིགས་འགན་ལེན།ཤར་བགྲོད" བཅས་ཀྱི་རྩ་དོན་ལྟར་རྫོང་དང་།ཤང(གྲོང་རྡལ)།གྲོང་ཚོ(རུ་ཁག)བཅས་རིམ་གསུམ་མཉམ་འགུལ་ལམ་སྲོལ་བཙུགས་ནས།ཆུ་ཚོད 24ལས་རེས་ལམ་ལུགས་དང་གནོད་འཚེའི་སྙན་ཞུ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། ཕྱུགས་ལས་ཀྱི་གནོད་འགོག་གེགས་སེལ་ནི་གཙོ་ཆེ་ཤོས་དང་དགོས་གཏུགས་ཆེ་ཤོས་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ་གནོད་འཚེ་ཕོག་པའི་འབྲོག་དུད་རྣམས་ལ་བསམ་བློའི་འདུ་ཤེས་འཛིན་སྟངས་སྒྱུར་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཕྱུགས་རིགས་འཚོང་གང་ཐུབ་བྱས་ནས་མང་ཚོགས་ཀྱི་གྱོང་གུན་ཆུང་ཤོས་སུ་བཏང་། དམངས་སྲིད་སྡེ་ཁག་གིས་དུས་ཐོག་ཏུ་སྲིང་བལ་ཉལ་ཆས་དང་བལ་གྱི་ཉལ་ཐུལ། འབྲུ་རིགས་དང་གཟན་ཆག་སོགས་ཀྱི་རྒུད་སྐྱོབ་དངོས་ཟོག་སྤྲོད་པ་དང་རྩིས་བཤེར་བྱེད་པ་དང་། ཁངས་སྐྱོན་ཕོག་པའི་ས་ཁོངས་ནང་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁག་གི་འགན་སྲུང་ཏན་ཏིག་བྱས། གནོད་འཚེ་ཕོག་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཇགས་དང་བར་བརྒལ་བརྟན་པོ་བྱེད་རྒྱུར་རོགས་སྐྱོར་བྱས་ཏེ་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཐུབ་པ་བྱས།

ལོ་ཙཱ་བ།རྟ་མགྲིན་དཔལ།