ཧུའུ་ཁྲུན་ཧྭ་ཡིས་ཧྲན་ཞི་ཞིང་ཆེན་ལོས་ལེང་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།

ལུགས་རྙིང་ལོ་སར་གྱི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་ཡིས་ཧྲན་ཞི་ཞིང་ཆེན་ལོས་ལེང་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་དཀའ་ཁག་ཆེ་བའི་མང་ཚོགས་དང་གཞི་རིམ་དབུལ་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དུས་ཚོད་དམ་འཛིན་དང་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱོད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་སེམས་ཁུར་བྱེད་མི་དགོས་པ་དང་གཉིས་དང་འགན་སྲུང་གསུམ་གྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། དུས་ལྟར་སྤུས་ཚད་ལེགས་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

ལོས་ལེང་གྲོང་ཁྱེར་ནི་གསར་བརྗེ་ས་ཁུལ་རྙིང་བ་དང་ཧ་ཅང་དཀའ་ཁག་ཆེ་བའི་ས་ཁུལ་ཡིན་ལ། དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་མཁྲེགས་གཏོར་བྱེད་པར་དཀའ་ཚེགས་ཧ་ཅང་ཆེ། ཧུའུ་ཁྲུན་ཧྭ་སྔ་གཞུག་ཏུ་ལིན་རྫོང་དང་ཞིན་རྫོང་། ལེན་རྫོང་བཅས་ཀྱི་སྡེ་བ་དང་ཁྱིམ་ཚང་དུ་སོང་སྟེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཡུལ་དངོས་ནས་སློབ་གསོ་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར། ཞིང་སྡེ་ཉེན་ཁང་སྒྱུར་བཀོད། ཞིང་སྡེ་འཐུང་ཆུའི་བདེ་འཇགས་སོགས་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་བྱེད་པ་ནི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་པའི་ཚད་མཐའི་ལས་འགན་དང་མཚོན་བྱེད་རང་བཞིན་གྱི་དམིགས་ཚད་ཡིན་པས། རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་མདུན་དུ་ལྷག་པའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པ་དང་། སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་ཐག་བཅད་པའི་བྱ་བའི་གནས་ཚུལ་དེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ལ་དཔྱད་ཞིབ་དང་ལྟ་ཞིབ། སྐོར་ཞིབ་བཅས་བྱེད་པའི་ནང་དོན་གལ་ཆེན་དུ་བཞག་ནས་བྱ་བ་སྣ་ཚོགས་མྱུར་དུ་དངོས་འབེབས་བྱེད་དགོས་ཟེར།