ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་ལམ་ལག་བསྟར་བྱ་བའི་སྒྲིག་སྲོལ་འགྲེམ་སྤེལ་བྱས།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་ལམ་ལག་བསྟར་བྱ་བའི་སྒྲིག་སྲོལ་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དུ་རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། སྒྲིག་སྲོལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས་ལ། ལག་བསྟར་བྱས་པ་མི་འདང་པར་སྐྱོན་བརྗོད་བྱེད་པ་དང་སློབ་གསོ་གཏོང་བ་དང་ལྟ་སྐུལ་དག་ཐེར་བྱེད་དགོས་པར་མ་ཟད་ཁྲིམས་ལྟར་འགན་འདྲི་རྩད་གཅོད་བྱ་བ་བཟང་བོར་བསྒྲུབ་ནས་སྒྲིག་སྲོལ་ལས་བཏོན་པའི་གཏན་འཁེལ་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་ཡོད།

སྒྲིག་སྲོལ་དེར་སྡོམ་པས་ལེའུ་དོན་བདུན་ཡོད་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགྲེམ་སྤེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་ལམ་ལག་བསྟར་བྱ་བའི་ཚོད་ལྟའི་ལག་བསྟར་སྒྲིག་སྲོལ་དེ་དུས་མཉམ་དུ་ལག་བསྟར་བྱེད་མཚམས་འཇོག་དགོས། དེའི་སྔོན་ལ་འགྲེམ་སྤེལ་བྱས་པའི་འབྲེལ་ཡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་ལམ་ལག་བསྟར་བྱ་བའི་གཏན་འཁེལ་གཞན་པ་རྣམས་སྒྲིག་སྲོལ་འདི་དང་གཅིག་གྱུར་མིན་ན་སྒྲིག་སྲོལ་འདི་ལྟར་ལག་བསྟར་བྱེད་དགོས།