ན་ནིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་ནས་སྤྱི་ཕན་གློག་བརྙན་ཐེངས་ཁྲི་ལྔ་ལ་བསྟན།

ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་དམངས་ཕན་རོང་འབྲོག་ས་ཁུལ་གྱི་གྲངས་རིག་གློག་བརྙན་ཁང་གིས་གློག་བརྙན་སྟོན་མཁན་གྱི་རུ་ཁག་ཉིས་བརྒྱ་ང་གཅིག་རྩ་འཛུགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཅིག་གི་མངའ་ཁོངས་ན་ཡོད་པའི་རྫོང་ཁག་ཞེ་གསུམ་གྱི། སྲིད་འཛིན་སྡེ་བ་སྟོང་བཞི་དང་བརྒྱ་རེ་དགུ་ནས་ཁྱོན་བསྡོམས་སྤྱི་ཕན་གློག་བརྙན་ཐེངས་ཁྲི་ལྔ་ལ་བསྟན་པ་དང་། དེའི་ཁྲོད་དུ་བོད་སྐད་ཀྱི་གློག་བརྙན་ཁྲི་གཅིག་དང་ལྔ་བརྒྱ་བསྟན་ལ། ལྟ་མཁན་གྱི་མི་གྲངས་ས་ཡ་བཞི་ལ་སླེབས། རོང་འབྲོག་མི་དམངས་ལ་རང་གི་སྒོ་ཁ་ནས་གློག་བརྙན་ལ་ལྟ་སའི་གོ་སྐབས་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བསམ་པའི་དཔལ་ཡོན་དང་འཚོ་བ་སྔར་ལས་སྣ་མང་ཕུན་ཚོགས་ཅན་དུ་བཏང་།