ཧུའུ་ཁྲུན་ཧྭ་ཡིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་ཡིས་པེ་ཅིན་ནས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་དག་ཐེར་བཅོས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་གནད་དོན་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བར་བཀོད་སྒྲིག་བྱས། ཁོས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་དང་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། བསམ་བློ་སྔར་ལས་གཅིག་གྱུར་བྱེད་པ་དང་ལངས་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། རྒྱུན་འཁྱོངས་ལྷོད་མེད་སྒོས་ཆེད་དོན་སྐོར་ཞིབ་བྱེད་སྐབས་རྩད་ཆོད་པའི་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་ནན་མོ་བྱས་ནས་ཆེད་དོན་སྐོར་ཞིབ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་དགོས་ཟེར།