ཞུའུ་ཆི་ལེང་དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ལས་ཁུངས་སུ་སོང་སྟེ་དཔོན་དམག་རྣམས་ལ་འཚམས་འདྲི་བྱས།

ཟླ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་ལས་ཁུངས་སུ་སོང་སྟེ་དཔོན་དམག་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞན་དག་གི་ཚབ་བྱས་ཏེ་དམག་དཔུང་གི་དཔོན་དམག་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གསུམ་ལེགས་སྒྲུབ་བྱེད་པར་མ་ཟད་འགྱུར་མེད་བཞིའི་ཚད་གཞི་ལྟར། སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་རྒྱལ་ཁབ་མཚོ་ཐོག་ཁྲིམས་སྐྱོང་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་ཏང་དང་མི་དམངས་ཀྱིས་གནང་བའི་བླ་མེད་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཟེར།

ཞུའུ་ཆི་ལེང་གིས་བསྟན་དོན། མཚོ་ཐོག་ཉེན་རྟོག་དཔུང་སྡེ་འཛུགས་སྐྲུན་འཕེལ་རྒྱས་དང་བཅོས་སྒྱུར་བྱེད་པ་དེ་མཚོ་ཐོག་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་རེ་བ་ཆེན་པོ་བཅངས་ཡོད། དུས་དང་རྣམ་པ་ཀུན་ཏུ་རེ་བ་དང་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། ཕྲག་ཏུ་བབས་པའི་དམིགས་བསལ་གྱི་འགན་འཁྲི་དང་ལས་འགན་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། སྟོབས་ལྡན་དམག་དཔུང་གི་དམག་འཐབ་ལས་རྒྱལ་བའི་རྒྱབ་ལྗོངས་འོག་ཏུ་འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ་མཐོང་རྒྱ་ཡངས་བར་བྱེད་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་མཚོ་ཐོག་ཉེན་རྟོག་དཔུང་སྡེ་སྔར་ལས་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་དགོས་ཟེར།