མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁོ་འདོན་ཕྱིར་འཚོང་ཁང་ཁོངས་གཏོགས་ཀྱིས་ན་ནིང་ཕྱིར་འཚོང་ཡོང་འབབ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བདུན་བྱེ་བ་གསུམ་ས་ཡ་ལྔ་མངོན་འགྱུར་བྱུང་།

གསར་འགོད་པས་ཞིང་ཆེན་མཁོ་འདོན་ཕྱིར་འཚོང་ཁང་གིས་སྤེལ་བའི་མཚོ་སྔོན་ཞིང་ཆེན་མཁོ་འདོན་ཕྱིར་འཚོང་ཁང་གི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁོ་འདོན་ཕྱིར་འཚོང་ཁོངས་གཏོགས་ཀྱིས་ཕྱིར་འཚོང་ཡོང་འབབ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བདུན་བྱེ་བ་གསུམ་ས་ཡ་ལྔ་མངོན་འགྱུར་བྱུང་བ་དང་། དུས་མཉམ་ལས་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་གཉིས་འཕར་ཡོད་ལ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་བརྒྱད་པར་གནས། ཁེ་སྤོགས་ཀྱི་སྤྱི་འབོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་མངོན་འགྱུར་བྱས་ཡོད་ལ། དུས་མཉམ་ལས་བརྒྱ་ཆའི་ཉེར་ལྔ་དང་གྲངས་ཆུང་དགུ་གཅིག་འཕར་ཡོད་ལ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་བདུན་པར་གནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཁོར་སྐྱོད་རྣམ་པ་སྲུང་འཛིན་བྱས་ཡོད།

ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁོ་འདོན་ཕྱིར་འཚོང་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ལ་ངོ་བོ་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། ཚོང་གཉེར་ཞབས་ཞུའི་རྨང་གཞི་སྔར་ལས་སྲ་བརྟན་དུ་སོང་ཡོད་ལ། ཞིང་ལས་གཉེར་བའི་ཞབས་ཞུའི་ནུས་པ་རིམ་བཞིན་ཇེ་མཐོར་སོང་། མཚོ་སྔོན་ཞིང་ཆེན་མཁོ་འདོན་ཕྱིར་འཚོང་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཀྲུའུ་ཞའོ་ཆིན་གྱིས་མཚམས་སྦྱོར་བྱས་དོན། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁོ་འདོན་ཕྱིར་འཚོང་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟར་སྔོན་དཔག་གི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་བསྡུས་བཅོས་བསྒྱུར་ཇུས་གཞི་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་གི་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་། རྫོང་དང་ས་ཁུལ་སོ་དགུའི་ཏང་ཨུའི་སྲིད་གཞུང་གིས་ཕྱོགས་བསྡུས་བཅོས་བསྒྱུར་གྱི་ལག་བསྟར་ཇུས་གཞི་བཏོན་ནས་ཇུས་གཞི་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཅུང་སྔ་མོར་ཇུས་གཞི་དེ་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་ལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པའི་ཞིང་ཆེན་ཞིག་ཡིན། གཞི་རིམ་རྩ་འཛུགས་ཀྱི་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་སོང་བ་དང་། གྲོང་ཁྱེར་དང་རྫོང་གི་མཁོ་འདོན་ཕྱིར་འཚོང་མཉམ་ལས་ཁང་གི་རྩ་འཛུགས་ལས་ཁུངས་ཚང་མར་ཁེབས་པ་མངོན་འགྱུར་བྱུང་། གཞི་རིམ་མཁོ་འདོན་ཕྱིར་འཚོང་མཉམ་ལས་ཁང་དེ་ཕྱོགས་བསྡུས་བཅོས་བསྒྱུར་སྔོན་གྱི་བརྒྱད་ཅུ་གྱ་གཉིས་ནས་ཉིས་བརྒྱ་དང་བཞི་བཅུར་འཕར་སྣོན་བྱུང་སྟེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་རེ་གཅིག་དང་གྲངས་ཆུང་དྲུག་གི་ཞང་གྲོང་ལ་ཁེབས་ཡོད་པ་དང་། ཞིང་སྡེ་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ཁང་དེ་བརྒྱ་དང་གཉིས་ནས་དགུ་བརྒྱ་དང་བཅུ་དགུར་ཇེ་མང་དུ་སོང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི་བརྒྱ་ཆའི་ཉེར་གཉིས་ལ་ཁེབས་ཡོད།

དེ་ལས་གཞན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མཁོ་འདོན་ཕྱིར་འཚོང་ཁང་གིས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཀྱི་མགོ་མཇུག་བར་གསུམ་གྱི་ཞབས་ཞུའི་དགོས་མཁོར་དམིགས་ཏེ། མཁོ་འདོན་ཕྱིར་འཚོང་ཁང་དེ་འཁོར་རྒྱུག་ཞབས་ཞུ་ནས་ཞིང་ཕྱུགས་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུར་རྒྱུན་བསྲིང་བྱས། ཞིང་ཕྱུགས་ཐོན་རྫས་ཀྱི་ཉོ་ཚོང་དང་ལས་སྣོན། གསོག་ཉར། སྐྱེལ་འདྲེན། ས་ཞིང་དོ་དམ། དངུལ་ལོར་རོགས་འདེགས་མཉམ་ལས་སོགས་གསར་དར་ཞབས་ཞུ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་ཇེ་དྲག་ཏུ་སོང་། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་ཞིང་། ཁོངས་གཏོགས་ཡོངས་སུ་གློག་རྡུལ་ཚོང་གཉེར་ལྟེ་གནས་བཅུ་དགུ་དང་ཚོང་གཉེར་བྱེད་ས་སྟོང་གཅིག་དང་ཉེར་གཅིག་བཙུགས་ཡོད། གློག་རྡུལ་ཚོང་གཉེར་བྱེད་སྒོ་སྤེལ་བའི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་དོན་དྲུག་ཡོད་པ་དང་། ལས་གཉེར་མི་སྣ་སྟོང་གཅིག་དང་ལྔ་བརྒྱ་ཡོད། དྲ་ཐོག་ནས་མཁོ་འདོན་ཕྱིར་འཚོང་བྱེད་པའི་ཁེ་ལས་རེ་གཅིག་ལ་བསླེབ་པ་དང་། དྲ་ཐོག་གི་ཐོན་རྫས་ལ་རིགས་ཆེན་པོ་ཉེར་གཉིས་དང་རིགས་ཆུང་བ་དགུ་བརྒྱ་དང་ལྔ་བཅུ་ལྷག་ཡོད་ལ། རིམ་བསགས་ཀྱིས་གློག་རྡུལ་ཕྱིར་འཚོང་ལས་སྒོར་དུང་ཕྱུར་དྲུག་ཙམ་མངོན་འགྱུར་བྱུང་ཡོད།