ཁྱེད་ཀྱིས་དོ་ཁུར་བྱེད་བཞིན་པའི་སློབ་གསོ་དང་དབུལ་སྐྱོར་ཐད་ཀྱི་གནས་ཚུལ་འདི་ན་ཡོད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ1ཚེས30ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཏེ། གྲོས་ཚོགས་ལས་ཞིང་ཆེན་སློབ་གསོ་ཐིན་གྱི་སྐོར་ཞིབ་པ་དང་ཐིན་ཀྲང་གཞོན་པ་ཁྲིན་ཆིས་ཧྥའོ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་ཀྲིན་ཅོན་སོགས་ཀྱིས་སློབ་གསོ་དང་ལས་ཞུགས། སྨན་བཅོས། དབུལ་སྐྱོར་སོགས་ཀྱི་སྐོར་ནས་གསར་འགྱུར་ཁྱབ་སྤེལ་བྱས་པ་རེད།


ཞིང་ཆེན་སློབ་གསོ་ཐིན་གྱི་སྐོར་ཞིབ་པ་དང་ཐིན་ཀྲང་གཞོན་པ་ཁྲིན་ཆིས་ཧྥའོ་ཡིས་བཤད་རྒྱུར།

2018ལོར་འོས་འགན་སློབ་གསོའི་ཐད་ནས། “མཁར་གྲོང་གི་འཚང་ག་དང་ཞིང་སྡེ་རུ་ཉམས་ཞན།”སློབ་གྲྭ་ཆུང་འབྲིང་གི་སློབ་བཤོལ་ཐེབས་ཚད། དབང་པོ་སྐྱོན་ཅན་གྱི་བྱིས་པའི་སློབ་ཞུགས་ཚད། རྒྱུགས་ལེན་དང་སློབ་བསྡུའི་ལམ་ལུགས་བཅོས་སྒྱུར་སོགས་ཀྱི་གནད་དོན་འབུར་ཐོན་ཅན་སྐོར་ཞིག་ཐག་གཅོད་བྱས་པ་རེད། དེ་བཞིན་གྲ་སྒྲིག་སློབ་གསོ་ཁྱབ་གདལ་དང་མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་ཁྱད་གདལ་འགག་སྒྲོལ་ལ་སྐུལ་འདེད། དུས་རབས་གསར་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ཟབ་སྤེལ། སློབ་གསོའི་ཁ་གཏད་མཚོ་སྔོན་རོགས་སྐྱོར་གྱི་ལས་དོན་ཟབ་སྤེལ་བྱེད་པ་སོགས་ཀྱི་ཕྱོགས་ནས་གོམ་སྟབས་གསར་པ་སྤོས་པ་རེད།

2019ལོར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་ལེགས་སྒྱུར་སློབ་གསོ་འདོན་སྤྲོད་བྱེད་པ་གཙོར་བཟུང་སྟེ། “མ་རྩ་མི་ལ་གཏོང་བ”དང་སློབ་གསོའི་འགན་ལེན་ལ་ཤུགས་སྣོན་བྱེད་པ། སློབ་གསོའི“ལྔ་གསུམ་དམིགས་འབེན”དམ་འཛིན་དང་བཟོ་སྐྲུན་ཆེན་པོ་བཅུ་ལག་བསྟར་བཟང་པོ་བྱེད་པ། སློབ་གསོའི་སྤུས་ཚད་ཧུར་བརྩོན་སྒོས་མཐོ་རུ་གཏོང་བ། སློབ་གསོ་འདྲ་མཉམ་ལ་མུ་མཐུད་དུ་སྐུལ་འདེད་བྱེད་པ། རིམ་པ་སོ་སོའི་སློབ་གསོ་བདེ་ཐང་འཕེལ་རྒྱས་སྣ་ཚོགས་ལ་མཐུན་སྒྲིག་གིས་སྐུལ་འདེད་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་གྱི་མཛེས་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་དང་སློབ་གསོའི་སྐོར་ནས་བྱས་རྗེས་འཇོག་དགོས་ཟེར།

ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་ཀྲིན་ཅོན་གྱིས་བཤད་རྒྱུར།

2018ལོར་རང་ཞིང་གི་དབུལ་ཕོངས་སྡེ་བ526དང་མི་གྲངས་ཁྲི17.6དབུལ་ཐར་བྱུང་ལ། དབུལ་ཕོངས་རྫོང12བདེ་བླག་ངང་དབུལ་ཐར་བྱུང་ལ་ཉེ་བས། དབུལ་ཕོངས་ཀྱི་ཚད2017ལོའི་ལོ་སྨད་ཀྱི8.1%ནས2.5%མར་ཆག་པ་རེད། ལོ་ཧྲིལ་པོར་དབུལ་སྐྱོར་གྱི་མ་དངུལ་སྣ་ཚོགས་བསྡོམས་པའི་སྒོར་དུང་ཕྱུར114སླེབས་ཡོད་པ་རེད།

2019ལོ་ནི་དབུལ་ཐར་འགག་སྒྲོལ་འཐབ་ཇུས་ལས་རྒྱལ་པའི་གནད་འགག་གི་ལོ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་བྱ་བས་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ། དབུལ་ཕོངས་ས་ཁུལ་དང་དམིགས་གསལ་དབུལ་ཕོངས་མང་ཚོགས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་འབུར་ཐོན་ཅན་སྔར་ལས་གཞིི་གཅིག་ཏུ་བསྡུ་པ། སྔར་ལས་ལྷག་པའི་ཆོད་སེམས་དང་སྔར་ལས་ལེགས་པའི་བྱ་སྤྱོད། སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྟེགས་བུ་གསར་པ་ཞིག་སླེབ་པར་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ། དབུལ་ཕོངས་རྫོང17དང་དབུལ་ཕོངས་སྡེ་བ170། དབུལ་ཕོངས་མི་གྲངས་ཁྲི7.7ཚང་མ་དབུལ་ཐར་མངོན་འགྱུར་བྱུང་པར་བརྩོན་ལེན་བྱས་ཏེ། ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ལས་རྒྱལ་ཐུབ་པར་རྨང་གཞི་བརྟན་པོ་གདིང་དགོས་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།