སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་རྒྱལ་ཁའི་ངང་མཇུག་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།ཟླ1ཚེས30ཉིན། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་མཇུག་བསྡུས་པ་རེད། ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན392ཡོད་ལ། ཚོགས་ཆེན་གྱི་མཇུག་བསྡུས་མཛད་སྒོའི་སྟེང་ཞུགས་པའི་ཨུ་ཡོན356ཡོད་པས། གཏན་འཁེལ་མི་གྲངས་དང་མཐུན་པ་རེད། རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གཏམ་བཤད་གནང་།

ཚོགས་འདུ་ལས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཐད་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་ཐད་ཀྱི་སྙན་ཞུར་གྲོས་འཆམ་བྱུང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དངོས་འབེབས་བཟང་པོ་བྱེད་པར་གཤམ་གྱི་དོན་ཚན་ལྔ་དམ་འཛིན་བྱ་དགོས་པའི་བླང་བྱ་བཏོན། གཅིག་ནས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བཏང་སྟེ་དངོས་འབེབས་བྱ་བ་དམ་པོར་འཛིན་པ། གཉིས་ནས་སྟོབས་ཤུགས་གོང་བུ་གཅིག་གྱུར་བྱས་ཏེ་དངོས་འབེབས་བྱ་བ་དམ་པོར་འཛིན་པ། གསུམ་ནས་སྲོག་ཤིང་དཀྱིལ་སྙིང་དུ་བཟུང་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་པ། བཞི་ནས་གསར་གཏོད་འཕེལ་རྒྱས་བྱས་ཏེ་དངོས་འབེབས་བྱ་བ་དམ་པོར་འཛིན་པ། ལྔ་ནས་ནུས་པ་ཇེ་དྲག་ཏུ་བཏང་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས་ཞེས་བསྟན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།