འབྲི་ཆུའི་སྟོད་རྒྱུད་ཀྱི་མཇུག་མཐའི་གྲུ་དཔོན།


ཉི་མ་ཚེ་རིང་གིས་སྔོན་ཆད་སྤྱོད་མྱོང་བའི་ཀོ་གྲུའི་སྐྱ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ།འབྲི་ཆུའི་གཙང་འགྲམ་གྱི་གྲུ་མདའ་གྲོང་ཚོ་ནི་ཁྲི་འདུ་རྫོང་ཐང་བོད་གནའ་ལམ་དུ་ཆགས་ཤིང་། གནའ་ནས་ད་བར་དུ་མཚོ་སྔོན། བོད་ལྗོངས། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་རིགས་ས་ཁུལ་འདབས་འབྲེལ་གྱི་འགག་མདོ་ལྟ་བུ་ཡིན། 1963 ལོའི་སྔོན་ལ་ཡུལ་ཤུལ་བརྒྱུད་དེ་ལྷ་སར་འགྲོ་བའི་མི་ཚོས་གྲུ་མདའ་ནས་འབྲི་ཆུ་དང་རི་ཀླུང་ཐང་གསུམ་བརྒལ་ནས་ར་ཚང་ཕུ་སྟེ་དེང་གི་སྐྱེ་རྒུ་མདོ་གྲོང་རྡལ་གྱི་གྲོང་གསར་གྲོང་ཚོར་འགྲོ་བ་དང་། དེ་ནས་བོད་ལྗོངས་ཀྱི་ལྷ་ས་སོགས་ས་ཁུལ་དུ་བསྐྱོད་སྲོལ་ཡོད། འུན་ཤིང་ཀོང་ཇོ་བོད་ལ་ཕེབས་དུས་ཀྱང་འབྲི་ཆུའི་གྲུ་ཁར་བརྒལ་ནས་ལེ་འབའ་ལུང་བ་བརྒྱུད་ལྷ་སའི་ཕྱོགས་སུ་གོམ་ཁ་བསྒྱུར་ཡོད་རེད།

གནའ་ནས་ད་བར་དུ་གྲུ་མདའ་གྲོང་མིས་གྲུ་ཁའི་ཀོ་གྲུ་ལ་བརྟེན་ནས་འགྲོ་འོང་གི་དངོས་ཟོང་དང་། འབྲི་ཆུ་བརྒལ་མཁན་གྱི་དཔོན་རིགས། ཚོང་མགྲོན། འབངས་མི་དཀྱུས་མ་སོགས་སྐྱེལ་འདྲེན་བྱེད། གྲུ་དཔོན་ཉི་མ་ཚེ་རིང་ཚང་ལ་མཚོན་ན་མི་རབས་ལྔ་ཡིས་གནའ་བོའི་གྲུ་ཁ་འདི་གཉེར་སྐྱོང་གནང་ཞིང་། ཉི་མ་ཚེ་རིང་རང་ཉིད་ལོ་ཉི་ཤུ་ནས་བཟུང་འབྲི་ཆུའི་གྲུ་བ་བྱས། དེ་དུས་ཁོ་ལ་ཀོ་གྲུ30 ལྷག་ཙམ་ཡོད་མྱོང་བས་འབྲི་ཆུའི་གྲུ་ཁ་དེའི་སྟོབས་ཤུགས་ཧ་ཅང་ཆེ་དུས་ཀྱི་བདག་པོ་ལྟ་བུར་སོང་།

འབྲི་ཆུའི་གཙང་འགྲམ་བརྒྱུད་ནས་སོང་ན། འབྲི་ཆུའི་ཟམ་ཆེན་ཉེ་འདབས་ཀྱི་གྲུ་མདའ་གྲོང་ཚོའི་ཡིད་དུ་འོང་བའི་ཡུལ་ལྗོངས་མཐོང་ཐུབ་ལ། ཏག་ཏག་དེ་ནི་ལོ་རྒྱུས་ཐོག་གྲགས་ཆེ་བའི་འབྲི་ཆུའི་གྲུ་ཁ་སྟེ་གྲུ་མདའ་ཡུལ་གྱི་གནའ་བོའི་སྦྲག་སྐྱེལ་ས་ཚིགས་རེད། གྲུ་མདའ་གྲོང་ཚོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཞེ་འོག་གྲོང་རྡལ་གྱི་གྲོང་སྡེ་ཞིག་ཡིན་ཞིང་། གནའ་སྔ་མོ་ནས་བཟུང་སི་ཁྲོན་དང་མཚོ་སྔོན། ལྷ་ས་བཅས་ཞིང་ཆེན་དང་ལྗོངས་དབར་འགྲོ་འོང་བྱེད་སའི་འགྲིམ་འགྲུལ་གྱི་འགག་མདོ་ཡིན་པ་རེད། ཡུལ་ཤུལ་ལ་ས་ཡོམ་ཆེན་པོ་བྱུང་ནས་ཡང་བསྐྱར་འཛུགས་སྐྲུན་བྱས་རྗེས། ལོ་ལྟར་ས་ཆ་འདིར་ཡོང་པའི་ཡུལ་སྐོར་བ་ཉིན་རེ་བཞིན་ཇེ་མང་དུ་སོང་ནས་གྲོང་ཚོའི་ནུབ་ངོས་སུ་ཡོད་པའི་ཆུ་གསུམ་འགོ་ཁུངས་ཀྱི་དྲན་གསོའི་རྡོ་རིང་མདུན་དུ་འགོ་ཁོངས་ཀྱི་མཛེས་སྡུག་ལ་ཡིད་སྨོན་འཆོར་བཞིན་དྲན་རྟེན་མཉམ་པར་རྒྱག་མཁན་དང་།རང་བྱུང་མཛེས་ལྗོངས་དང་དམངས་ཁྲོད་ཡུལ་སྲོལ་གོམས་གཤིས་ལ་ཉམས་སུ་མྱོང་མཁན་མང་པོ་ཡོད་པ་རེད།

" གྲུ་མདའ"ནི“ འབྲི་ཆུའི་འགྲམ་གྱི་གྲུ་ཁ” ལ་ཟེར་བ་ཡིན། གྲུ་མདའ་འདི་ཁྲི་འདུ་རྫོང་ལབ་ཤང་མཆོད་རྟེན་དཀར་པོའི་གྲུ་ཁ་དང་འདྲ་བར་ཐང་བོད་གནའ་ལམ་ཐོག་སྐྱ་གཟིངས་ལ་བརྟེན་ནས་འབྲི་ཆུ་ངོགས་གཉིས་སུ་འགྲོ་འོང་བྱེད་མཁན་གྱི་ཚོང་མགྲོན་དང་། དཔོན་ཆེན་མི་དྲག འབངས་མི་སེར། དབུལ་པོ། སྤྲང་པོ་སོགས་ཕར་སྐྱེལ་ཚར་ལེན་བྱེད་ན་ཡང་། དེ་ནི་སྔ་མོ་ཞིག་ནས་བཟུང་གྲུ་བའི་འཚོ་བ་རོལ་བའི་གྲོང་ཚོ་ཞིག་རེད།

འབྲི་ཆུའི་གནའ་བོའི་གྲུ་ཁ་འདིའི་ཆེས་མཐའ་མཇུག་གི་གྲུ་དཔོན་ཉི་མ་ཚེ་རིང་ནི་བྱམས་བརྩེ་ལྡན་པའི་བགྲོས་སོང་ཞིག་ཡིན་ཞིང་། ཁོང་གིས་ང་དང་སྐུ་ཞབས་ཀྲང་ཝུའེ་མིན་གཉིས་ཀྱི་བཅར་འདྲི་ཐེངས་གཉིས་ལ་དང་ལེན་བྱས། རྒན་པོའི་གཏམ་ལ་ཉན་བཞིན་ངེད་གཉིས་ཀྱི་དྲན་པ་དེ་ཡང་དབང་མེད་དུ་གནའ་བོའི་ལོ་ཟླ་དང་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ཁྲོད་དུ་སིམ།

གནའ་སྔ་མོ་ཞིག་ནས་གྲུ་དཔོན་ཉི་མ་ཚེ་རིང་གི་མེས་པོ་གྲུ་མདའ་གྲོང་ཚོར་གཞིས་ཆགས་ཤིང་། ཁོང་གི་ཁྱིམ་རྒྱུད་ཀྱི་མི་རབས་ལྔ་སྟེ། བློ་བཟང་གཡུ་འབྲུག བཀྲ་ཤིས་རྒྱལ་མཚན། བཀྲ་ཤིས་ཕུན་ཚོགས། འཇམ་འཕེལ། ཉི་མ་ཚེ་རིང་བཅས་ཀྱིས་རིམ་པ་བཞིན་གྲུ་མདའི་གྲུ་ཁ་བདག་གཉེར་བྱས། ད་ཆ་གྲུ་ཁ་འདིའི་ཆེས་མཐའ་མཇུག་གི་བདག་སྐྱོང་མཁན་ནི་ལོ་རྒན85ལ་སོན་པའི་གྲུ་དཔོན་ཉི་མ་ཚེ་རིང་ཁོང་རེད།

གྲུ་དཔོན་ཉི་མ་ཚེ་རིང་གི་ཡང་མེས་གྲུ་དཔོན་བློ་བཟང་གཡུ་འབྲུག་ནི་གཟུགས་བོངས་མཐོ་ལ་རྫིག་ཉམས་དོད་པ། དཔའ་ཆེ་ལ་སྲན་ཚུགས་པའི་ཁམས་པའི་ཕོ་རྒོད་ཅིག་རེད། ཁོ་རང་ཉིན་རེའི་ཞོགས་པ་སྔ་མོར་གྲུ་མདའ་གྲོང་ཚོ་ནས་འབྲི་ཆུའི་ངོགས(ད་ལྟ་ཁྲི་འདུ་རྫོང་འབྲི་ཆུའི་ཆུ་དཔྱད་ས་ཚིགས)སུ་བསྐྱོད་དེ། ཆུའི་ཆེ་ཆུང་སོགས་ལ་ལྟ་ཞོར། རང་ཁྱིམ་གྱི་ས་མུའུ་ལྔ་བཅུ་ལྷག་ཡོད་པའི་རྨོ་ཞིང་ལ་ལྟ་བ་ཡིན། དེ་དུས་འབྲུ་ཡི་གཙོ་བོ་ནས་དང་གྲོ་ལས་རྨོ་རྒྱུ་མེད། ཁོས་ནམ་དུས་དུ་བ་རྔུབ་ནས་ཕྱིར་འབྱིན་པའི་ཚུལ་དེ་ཆུ་བོ་ཕར་ངོགས་ཀྱི་གྲོང་མི་ཚོས་མཐོང་འཕྲལ་སེམས་སུ། འོ། གྲུ་དཔོན་བློ་བཟང་གཡུ་འབྲུག་གིས་ཅི་ཞིག་ལ་བསམ་གཞིགས་གཏོང་བཞིན་ཡོད་པ་དྲན་སྲིད། ཕྱིས་སུ་ཁོའི་ནས་ཞིང་ལ་སྒོ་ཟོག་བཏབས་ཏེ་གྱོང་གུད་ཆེན་པོ་བྱུང་བས། རྨོ་ཞིང་བསྐྱུར་ཞིང་། སྒོ་ཟོག་ཚེ་ཐར་དུ་བཏང་སྟེ་དགེ་བའི་ལས་ཤིག་ལ་འབད་རྒྱུ་བློ་ཐག་བཅད་ནས་ཆེད་དུ་ཀོ་གྲུ་གཉེར་སྐྱོང་གི་ལས་ལམ་ལ་ཞུགས།

དེ་དུས་ཐང་བོད་གནའ་ལམ་སྟེང་དཔོན་ཆེན་སྐུ་དྲག་དང་བླ་མ་སེར་མོ།། འགྲོ་འོང་གི་ཚོང་མགྲོན། འབངས་མི་སེར། དབུལ་པོ་སྤྲང་པོ་སོགས་ཅི་རིགས་གྲུ་དཔོན་བློ་བཟང་གཡུ་འབྲུག་གིས་གཉེར་བའི་འབྲི་ཆུའི་གྲུ་ཁ་འདིར་འཛོམས་ཀྱི་ཡོད་པས། ཁོ་ནི་གྲུ་ཁ་འདིའི་ཀོ་གྲུ་གཏོང་མཁན་གྱི་བདག་པོར་གྱུར། ཁྱིམ་རྒྱུད་འདིའི་མི་དྲང་གཞག་དང་འདྲ་མཉམ་ལ་མཁས་པས། ཚོང་མགྲོན་གྱི་ལག་ནས་འུ་ལག་ཙམ་རེ་དང་། མི་གཅིག་ནས་དངུལ་སྒོར་གཅིག་རེའམ་ཚོང་ཟོག་ཆུང་ངུ་རེ་ལེན་པ་ལས། དཔོན་ཆེན་སྐུ་དྲག་དང་། བླ་སྤྲུལ་དང་དགེ་འདུན་པ། འབངས་མི་སེར། དབུལ་སྤྲང་བོ། འཇལ་བ་སོགས་རིན་མེད་ངང་ཕར་སྐྱེལ་ཚར་ལེན་བྱེད།

གྲུ་གཏོང་ས་དེ་འབྲི་ཆུ་དལ་འབབ་ཀྱི་མཚམས་ཏེ་ད་ལྟའི་འབྲི་ཆུའི་ཆུ་དཔྱད་ས་ཚིགས་ཀྱི་གོང་རོལ་ན་ཡོད། གྲུ་དཔོན་བློ་བཟང་གཡུ་འབྲུག་ཁྱིམ་རྒྱུད་ཀྱིས་བཟུང་བའི་ཀོ་གྲུ་དཔུང་ཚོགས་ནི་ས་དེའི་གྲུ་གཏོང་བ་ཡིན་ཞིང་། ཁོང་གི་སྐབས་ལ་ཀོ་གྲུ་རུ་ཁག་ནི་ཁྱིམ་ཚང་སུམ་ཅུ་ལྷག་གི་གྲུ་བ་དང་ཀོ་གྲུ་ཡིས་གྲུབ་པ་དང་། མི་གཅིག་ཡང་ན་བཅུ་གང་ཡིན་རུང་གལ་སྲིད་འགྲོ་འོང་གི་མི་གཅིག་ཡོད་ཚེ། དལ་འགོར་མེད་པར་མྱུར་བ་མྱུར་དུ་སྐྱེལ་ལེན་བྱེད། ཁོང་གིས་གྲུ་ཁ་འདི་འདེམས་ནས་གྲུ་གཏོང་དོན་ཡང་ཆུ་ངོས་ལྷིང་འཇགས་ཡིན་ལ། གྲུ་བའི་ཀོ་གྲུ་ལ་ཁ་ལོ་བསྒྱུར་བར་སྟབས་བདེ་བས་ཡིན། དུས་ཡུན་རིང་པོ་ཞིག་ལ་འདི་ལྟར་འབྲི་ཆུ་འགྲམ་ངོགས་སུ་མི་དང་དངོས་ཟོང་སྐྱེལ་ལེན་བྱས་ནས་སེམས་ཅན་ལ་དགེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བསྒྲུབས། ལོ་རེའི་དགུན་དུས་ཆུ་ངོས་ཆབ་རོམ་ཆགས་རྗེས། གྲོང་མི་ཚང་མ་དེར་འཛོམས་ཏེ་ལོ་རེའི་སྨོན་ལམ་གྱི་བྱེད་སྒོ་སྤེལ་སྲོལ་ཡོད།

གྲུ་དཔོན་བློ་བཟང་གཡུ་འབྲུག་ཚང་གི་གྲུ་གཏོང་ཆུ་སྒྲོལ་གྱི་བསྡོམས་རྩིས་བྱེད་སྟངས་ནི་གྲུ་གཏོང་གི་ཉིན་གཅིག་གི་ཡོང་འབབ་དེ་ཉིན་དེའི་དགོང་མོར་རྩིས་རྒྱག་པ་ཞིག་རེད། ས་མ་རུབ་གོང་ལ་གྲུ་བ་ཚང་མ་མཉམ་དུ་འཛོམས་ནས་སོ་སོས་ཉིན་དེའི་ཡོང་འབབ་ཞུ་འབུལ་བྱས་པ་ཡོངས་གཅིག་ཏུ་བསྡོམས་པ་དང་འབྲེལ་དྲང་བདེན་དྲང་གཞག་གི་སྒོ་ནས་རེ་རེ་བཞིན་བགོ་བཤའ་བརྒྱབ་ནས་སོ་སོའི་ལག་ཏུ་སྤྲོད་སྲོལ་དང་། དེ་ནས་གྲོང་མི་རྣམས་སྡེ་མགོའི་འདུ་ཁང་དུ་མཉམ་འཛོམས་ཐོག་ཡུལ་ལྷ་གཞི་བདག་དང་ཡི་དམ་ཆོས་སྐྱོང་སོགས་ལ་སྐྱབས་བཅོལ་ལྷ་བསང་གཏོང་བ་དང་ཚོན་ལྔའི་དར་ལྕོག རླུང་རྟ་སོགས་བསྒྲོན་ཏེ་གྲུ་མདའ་བ་རྣམས་ཚེ་གེགས་བར་ཆད་ཞི་བ་དང་བྱ་བ་ལམ་འགྲོ་ཡོང་བའི་གསོལ་བ་སྨོན་ལམ་བཏབས་རྗེས། རབ་དགའི་གླུ་ལེན་གར་འཁྲབ་ཀྱི་དགའ་སྐྱིད་དཔལ་ལ་རོལ་བའི་སྲོལ་བཟང་པོ་ཡོད།

ཡར་འགྲོ་མར་འོང་གི་ཡུལ་སྐོར་ཚོང་བ་གྲུ་མདའ་ལ་སླེབས་ན་འབྲི་ཆུའི་ངོགས་ཀྱི་གནའ་བོའི་སྦྲག་སྐྱེལ་ས་ཚིགས་སུ་ངེས་པར་དུ་ཞག་གཅིག་ལ་བསྡད་དེ་ངལ་གསོས་རྗེས་ཕྱི་ཉིན་ཆུ་བོར་བརྒལ་དགོས་པས། ཁོ་ཚོས་ཡུལ་དེའི་གླུ་གར་འཁྲབ་སྟོན་ལ་གཟིགས་པ་དང་ཆབས་ཅིག་གྲོང་མི་ཚོར་རྒྱ་ནག་གི་དངོས་ཟོག་དང་ཚོང་ཟོག་རེ་སྦྱིན་པར་དགའ་བས་ཕན་ཚུན་འདྲིས་ལ་འཆམ་ཞིང་མཐུན། གྲུ་དཔོན་བློ་བཟང་གཡུ་འབྲུག་ཁོང་ཚེ་ཐག་རིང་ལ། ལོ113 ལ་འཚོ་གཞེས་གནང་ཡོད་པ་རེད།

གྲུ་དཔོན་བཀྲ་ཤིས་ཕུན་ཚོགས་ནི་གྲུ་དཔོན་ཉི་མ་ཚེ་རིང་གི་སྤོ་ལགས་ཡིན་ཞིང་། སྔ་མ་བཞིན་འབྲི་ཆུའི་གཙང་འགྲམ་གྱི་གྲུ་ཁའི་བྱ་གཞག་རྒྱུན་འཛིན་བྱས། ཁོང་ནི་སྙན་གྲགས་ཆེ་ལ་ཡོན་ཏན་ཆེན་པོ་ལྡན་པས་ཡུལ་དེའི་བསྟོད་གླུ་ནང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་མི་སྣའི་གྲས་ཤིག་རེད། ཁོང་གི་དོ་དམ་འོག་ཏུ་ཚང་མ་གཙང་པོ་བརྒལ་དུས་སྒྲིག་ལམ་ཡོད་ལ་གོ་རིམ་ལྡན་པའི་སྒོ་ནས་གཙང་པོ་བརྒལ་དགོས་པས་ན་ཁ་མཆུ་རྩོད་རྙོག་སོགས་ཀྱི་སྣང་ཚུལ་བྱུང་མ་མྱོང་བ་མ་ཟད་། སྤྲང་པོ་དང་། ལྷ་སར་འགྲོ་བའི་འཇལ་བ་སྔོན་ལ་བརྒལ་དུ་འཇུག་པ་ཡིན་པས།ཁོང་ནི་སྙིང་རྗེ་དང་བྱམས་སེམས་ཅན་གྱི་མི་སེམས་བཟང་ཞིག་ཡིན་པ་ངང་གིས་རྟོགས། ཁོང་དགོང་ལོ93ཐོག་སྟེ། 1954 ལོར་ཚེ་ལས་འདས།

གྲུ་དཔོན་ཉི་མ་ཚེ་རིང་གིས་ཕ་མེས་ཡང་མེས་ཀྱི་གྲུ་གཏོང་གི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་བྱས། འགྲོ་འོང་གི་མི་ལ་ཞབས་ཞུ་ཡག་པོ་བསྒྲུབ་ཆེད། ཡུལ་དེས་འབྲི་ཆུའི་ངོགས(ད་ལྟའི་ཆུ་དཔྱད་ས་ཚིགས་ཀྱི་མཁྲིས)ཀྱི་རྒྱབ་རིའི་བྲག་ཁུང་དུ་ཆར་གཡོལ་བྱེད་ས་ཞིག་བསྐྲུན་ཞིང་། ཆེད་དུ་ཇ་མ་བཀོད་སྒྲིག་བརྒྱབ་ནས་ཚང་མར་སྟབས་བདེ་བཟོས། བྲག་ཁུང་དེར་མི་བཞི་བཅུ་ནས་ལྔ་བཅུ་ཤོང་ཐུབ་པའི་ཇ་འཐུང་ཐང་གསོ་བྱེད་ས་བཟང་པོ་ཞིག་ཡིན། ཆུ་བརྒལ་དུས་སྔ་སྲོལ་མ་ཉམས་རྒྱུན་འཛིན་བྱས་པས་ད་ལྟའི་བར་དུ་མི་ལེགས་པའི་དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མེད། གྲུ་དཔོན་བཀྲ་ཤིས་ཕུན་ཚོགས་ཀྱི་སྐབས་ལ། འབྲི་ཆུའི་ཆུ་ཧ་ཅང་ཆེ་བས་ཆུ་བརྒལ་བ་ལ་དཀའ་ཁག་ཆེན་པོ་འཕྲད། འགྲོ་འོང་སྐུ་མགྲོན་གྱི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། ཉིན་བདུན་ནས་བརྒྱད་དེ་ཆུ་ངོས་ལྷིང་འཇགས་སུ་བབས་རྗེས་ད་གཟོད་ཆུ་བརྒལ་ཆོག་པའི་སྒྲིག་ལམ་བཙུགས། དེ་ལ་བརྟེན་ནས་གྲུ་དཔོན་ཉི་མ་ཚེ་རིང་གིས་བདག་གཉེར་བྱེད་པའི་དུས་སུའང་ཉེན་ཁའི་དོན་རྐྱེན་གཅིག་ཀྱང་བྱུང་མ་མྱོང་བ་རེད།

གྲུ་དཔོན་ཉི་མ་ཚེ་རིང་གིས་ཕྱིར་དྲན་བྱེད་ཞོར་ཏུ་འདི་སྐད། 1963གྱི་ཡར་སྔོན་ལ་ཡུལ་ཤུལ་བརྒྱུད་དེ་ལྷ་སར་འགྲོ་བ་རྣམས་ངེས་པར་དུ་གྲུ་མདའི་གྲུ་ཁར་བརྒལ་དགོས། དེ་དུས་ཁོ་ལ་གྲུ་སུམ་ཅུ་ལྷག་ཡོད་པས་འབྲི་ཆུའི་གྲུ་ཁའི་ཁྲོད་སྟོབས་ཤུགས་ཆེས་ཆེ་བའི་གཉེར་སྐྱོང་མཁན་ཞིག་ཡིན། དེ་དུས་ལྷ་སར་འགྲོ་བ་རྣམས་འབྲི་ཆུའི་གྲུ་མདའི་གྲུ་ཁ་བརྒྱུད་རྗེས། རི་འདབས་ཀྱི་ལམ་ཕྲན་དེད་དེ་སྟོད་ཀྱི་འབྲོམ་མདའི་ཕྱོགས་སུ་བསྐྱོད་དགོས་པ་དང་། དེ་ནས་ལེ་འབའ་རི་བོར་བརྒལ་ནས་མར་བབས་རྗེས་ར་ཚང་ཕུ་སྟེ་ད་ལྟའི་སྐྱེ་དགུ་མདོར་སླེབས་པ་ཡིན། ལམ་འདི་ནི་རང་ཅག་གི་ཕ་མེས་ཡང་མེས་རྣམས་ཀྱིས་བཏོད་པའི་ལམ་ཡིན་ཞིང་། སྐྱེ་དགུ་མདོར་སླེབས་རྗེས་དབུས་འཇལ་ལ་འགྲོ་བ་ཡིན། དེ་དུས་ཚོང་མགྲོན་དང་དཔོན་རིགས། མི་སེར་སུ་དང་གང་ཡིན་ཡང་ལམ་འདི་བརྒྱུད་ནས་འགྲོ་ལ། ལམ་ཐག་ལེ་དབར་དྲུག་ནས་བདུན་ཇེ་ཐུང་དུ་བཏང་ཡོད་སྐད། སྐབས་དེའི་དཔུང་སྡེ་དཔོན་དམག་ཉི་མ་ཚེ་རིང་ཚང་ནས་ལོ་བཞི་ལྔ་ཙམ་ལ་བསྡད་མྱོང་བ་དང་། ཐང་བོད་གནའ་ལམ་ཐོག་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་དུས་ཀྱང་གྲུ་མདའ་གྲུ་ཁར་བརྒལ་ནས་ལེ་འབའ་ལུང་པར་འབྱོར། ཚོང་དཔོན་དབང་པོ་བཟང་པོ་ཡང་གྲུ་ཁ་འདི་བརྒྱུད་པ་སོགས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་དཀར་མཛེས། བོད་ལྗོངས་ཆབ་མདོ་སོགས་ས་གནས་ཀྱི་མི་རྣམས་ལམ་འདི་ནས་འགྲོ་འོང་བྱེད་པ་ཡིན་པས། གྲུ་ཁ་འདི་ནི་ལམ་གལ་ཆེན་ཞིག་ཡིན་ལ་འཁྲུག་ཆ་དོད་པའི་ཚོང་ལམ་ཞིག་ཀྱང་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། གྲུ་མདའ་གྲོང་ཚོའི་གཉེན་ཉེ་དང་གྲོགས་པོ་མང་པོ་སོག་པོ་དང་། སི་ཁྲོན་དཀར་མཛེས། སྡེ་དགེ་སོགས་སུ་ད་ལྟའི་བར་དུ་ཡོད་སྐད། 1963ལོར་འབྲི་ཆུའི་ཟམ་ཆེན་ལེགས་འགྲུབ་བྱུང་རྗེས་གྲུ་མདའ་གྲོང་ཚོའི་ཀོ་གྲུའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ།


ལོ་ངོ400ཡི་སྐྱིད་སྡུག་ཉར་བའི་ཁང་རྙིང་།

ཉི་མ་ཚེ་རིང་ལགས་ཀྱི་ཁང་རྙིང་དུ་སོང་ཚེ། དེ་གར་ཡུལ་ཤུལ་བའི་རྒྱུན་སྤྱོད་ཀྱི་ཅ་དངོས་རྙིང་པ་མང་པོ་ཞིག་གས་ཆད་མེད་པར་ཉར་ཚགས་བྱས་འདུག སྲོལ་རྒྱུན་གྱི་ཤིང་སྒོ་ཕྱེས་ཏེ་ནང་དུ་འཛུལ་བ་ན། ཐོག་སོ་དང་པོ་འབྲུ་མཛོད་དང་། རྟ་སྒ། ཟོར་བ། སོག་ལེ། རྡོ་རྐོ། རྩམ་འཐག་རྡོ་འཁོར་སོགས་གོ་རིམ་བཞིན་བསྒྲིགས་འདུག ཤིང་སྐས་ལ་འཛེག་ནས་ཐོག་ཁར་བསྐྱོད་པའི་ཤར་གྱི་ཁང་པར་སོང་བ་ན། དེའི་ནང་དུ་ཤིང་གི་མལ་ཁྲི་དང་། ཤིང་གི་ཅོག་ཙེ། རྒྱུན་སྤྱོད་མཁོ་ཆས་སོགས་བཞག་ཡོད་པ་རེད།

བླ་མ་ཞིག་ཉི་མ་ཚེ་རིང་ཚང་ལ་ཕེབས་ནས་ཁང་རྙིང་མཐོང་རྗེས། ཉི་མ་ཚེ་རིང་ལ། ཁང་པ་འདི་བཤིག་མི་རུང་ཞེས་གསུངས་པ་དང་འབྲེལ་ནས་ཐང་ག་སྤུས་ལེགས་ཤིག་དང་ལྷམ་ཡ་གཅིག་བསྐྱུར་ནས་དྲན་རྟེན་དུ་བཞག རྒད་པོ་ཉི་མ་ཚེ་རིང་གིས་ལོ་མང་ཉར་ཚགས་བྱས་པའི་གནའ་བོའི་ཐང་ག་དེ་ང་ཚོར་བསྟན་ནས་པར་རྒྱག་ཏུ་བཅུག་བྱུང་། དེ་ནས་ང་ཚོ་ཁོང་གི་ཇ་ཁང་དུ་སོང་བ་ན་ཁང་ནང་ཉི་འོད་མི་གསལ་ན་ཡང་། སྲོལ་རྒྱུན་གྱི་ཐབ་ཀ་དང་། རྩིག་ངོས་ཀྱི་ཆ་ག་སོགས་གང་དགོས་ཡོད་ལ། ཁང་ཀླད་ཀྱི་གདོང་མ་སོགས་སུ་དུ་བ་དང་སྣུམ་དྲག་མཐུག་པོ་ཆགས་ཤིང་། རྩམ་འཐག་གི་ལག་པའི་བཟུང་ཤུལ་འབུར་དོད་པོས་ལོ་དུས་ག་འདྲ་སོང་ཡོད་པ་ཡང་རྗེས་ཤུལ་དེ་ལས་བདེན་དཔང་བྱེད་ཐུབ་པ་ཞིག་རེད། བཤད་པ་ལྟར་ན། ལག་པའི་ཤུལ་རྗེས་དེ་ལོ་གཅིག་ལ་ཐེངས་གཅིག་འཛིན་པ་ཡིན་པས། དེ་ལྟར་རྩིས་ཤིག་བརྒྱབ་ན་ཁང་རྙིང་དེ་མ་མཐའ་ཡང་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་སྲིད་པ་རེད། ད་ཆ་གྲུ་དཔོན་ཉི་མ་ཚེ་རིང་ཚང་གི་ཤུལ་འཛིན་དེ་ཁོའི་བུ་གྲུ་དཔོན་འཕྲིན་ལས་དཔལ་ལྡན་ལ་སྤྲད་ཡོད་པ་རེད། འཕྲིན་ལས་དཔལ་ལྡན་གྱིས་སྐྱེ་དགུ་གྲོང་རྡལ་ནས་ཁང་པ་གསར་བ་ཞིག་བརྒྱབ་ཡོད་ཅིང་། ལོ་ལོན་གྱི་ཕ་མ་གཉིས་ཆ་རྐྱེན་ཅུང་བཟང་བའི་སྐྱེ་དགུ་གྲོང་རྡལ་དུ་བླངས་ཡོད་ལ། བུ་ཕྲུག་རྣམས་དེ་གར་རིག་གནས་དང་སློབ་གསོ་ཡག་པོ་མྱོང་ཐུབ་པའི་སློབ་གྲྭར་བསྐྱལ་གྱིན་འདུག

དུས་ད་ལྟ་གྲུ་མདའི་ཡུལ་མི་རྣམས་ཀྱི་སེམས་ཁྲལ་དང་སེམས་ངལ་ཞིག་ནི་ཁང་རྙིང་བཤིག་རྗེས་སླར་གསོ་དཀའ་བ་དེ་ཡིན་པས། སྲུང་སྐྱོང་ལ་ཤུགས་རྒྱག་རྒྱུ་དེ་འོས་སུ་བབས་ཡོད་པས། འོས་འགན་དེ་གཞི་བྱས་གསར་སྤེལ་ལུགས་མཐུན་རེ་བྱས་ནས་གྲུ་མདའི་གྲུ་ཁ་ཡི་གནའ་བོའི་འཚོ་བ་སྐྱེལ་སྟངས་སླར་གསོ་དང་། སྲོལ་རྒྱུན་གྱི་ཀོ་གྲུ་དང་གྲུ་ཁེམ་སོགས་ཀྱི་ཡོ་བྱད་ཀྱི་ཐོག དེང་རབས་ལྗོངས་ཕྱིའི་ཀོ་གཟིངས་དང་ཆེ་ཆུང་མི་འདྲ་བའི་གྲུ་གཟིངས་སོགས་བསྒྲིགས་ཏེ། གྲོང་ཚོའི་ནང་ནས་ཆེད་མི་གསོ་སྐྱོང་གི་ལམ་ནས་དེ་ལ་དོ་དམ་གྱི་འགན་བཞག་ནས་གྲུ་མདའ་གྲོང་ཚོའི་གནའ་བོའི་གྲུ་ཁའི་འཚོ་བ་དང་དམངས་ཁྲོད་ཀྱི་རིག་གནས་ལ་ཉམས་སུ་རོལ་མཁན་གྱི་སྐུ་མགྲོན་བསུ་རྒྱུ་བྱས། འདི་ནི་གྲོང་ཚོ་ཡོངས་ཀྱི་རེ་འདུན་དང་། གྲུ་མདའ་གྲོང་ཚོའི་དེང་ཕྱིན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གདོད་མའི་བསམ་ཕྱོགས་དང་བབ་བསྟུན་གྱི་བསམ་ཚུལ་ཙམ་རེད། ང་ཚོས་ཀྱང་གྲུ་མདའ་གྲོང་ཚོ་དེ་ལ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དོ་སྣང་དང་རྒྱབ་སྐྱོར་འོག ལོ་རྒྱུས་ཀྱི་ཁྲག་རྒྱུན་ཉར་བའི་ཆུ་གསུམ་འགོ་ཁུངས་ཀྱི་གྲུ་ཁའི་མྱོང་རོལ་ལྟེ་གནས་ཤིག་འཛུགས་པ་དང་། དེ་ལ་བརྟེན་ནས་ཡུལ་དེའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཁ་སྣོན་དང་། གྲུ་མདའི་ཡུལ་མི་ལ་ཕན་ཁེ་བསྐྲུན་ཐུབ་པར་རེ་ལྟོས་ཀྱིས་ཁེངས་ཡོད།

ཁོན་ཐར་འཚོས་བསྒྱུར།