སྲིད་གཞུང་བྱ་བའི་སྙན་ཞུ་ལས་བསྒྲགས་པའི་གཏམ་བཟང་།

སྲིད་གཞུང་བྱ་བའི་སྙན་ཞུ་ལས་བསྒྲགས་པའི་གཏམ་བཟང་།

2019ལོར་རང་ཞིང་གིས་ལས་ཞུགས་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་དང་ལས་ཞུགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་དང་ཁེ་ལས། ལས་ཞུགས་བཅས་ཀྱི་ལས་རིགས་མཉམ་འབྲེལ་ལ་སྐུལ་འདེད་བྱེད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ལས་བཟོ་པ། དམག་ཁོངས་ལས་བུད་པའི་དམག་མི་སོགས་ཀྱི་ལས་ཞུགས་བྱ་བ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ། ལས་ཞུགས་མེད་པའི་ཁྱིམ་ཚང་གི་རྣམ་པ་ཐག་གཅོད་འགན་ལེན་བྱ་རྒྱུ། ཡོང་འབབ་ཇེ་མཐོར་གཏོང་བའི་ལས་འགུལ་ལག་བསྟར་བྱས་ཏེ། མི་སྒེར་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་སྲིད་ཇུས་དོན་འཁྱོལ་བྱེད་པ། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཚད་གཞི་མུ་མཐུད་དུ་མཐོ་རུ་གཏང་རྒྱུ། ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་འཕར་སྣོན་དང་རྒྱལ་དབང་ཁེ་ལས་ཀྱི་གླ་ཕོགས་ཀྱི་གཏན་འབེབས་སྒྲིག་གཞི་འཐུས་ཚང་དུ་གཏང་རྒྱུ། “འཐེན་ཐུག་དཔལ་འབྱོར”སོགས་ཀྱི་ཁྱད་ལྡན་ངལ་རྩོལ་ཚོང་རྟགས་མུ་མཐུད་དུ་གསོ་སྐྱོང་དང“དབྱར་རྩྭ་དགུན་འབུ”སོགས་ཀྱི་ཁྱད་ལྡན་རི་སྐྱེས་ཐོན་ལས་མུ་མཐུད་དུ་རྒྱ་བསྐྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ། ཞིང་པ་ལས་བཟོ་པའི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ། ས་ཞིང་འགན་གཙང་ལེན་གྱི་ཚོང་གཉེར་དབང་ཆ་དང་ནགས་ཚལ་གྱི་བདག་དབང་རིམ་ལྡན་གྱིས་བརྒྱུད་སྤྲོད་བྱེད་པར་སྣེ་སྟོན་བྱ་རྒྱུ། བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་གཏང་རྒྱུ་རེད།

2019ལོར་གཙོ་བོ་གཤམ་གསལ་གྱི་ཕྱོགས་དགུའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་རེད།

“མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ”ཤུགས་ཆེན་པོས་ལེགས་པོར་བསྒྲུབ་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་སྒྲིག་གཞི་མགྱོགས་མྱུར་སྒོས་འཛུགས་པ། ནུས་ཐོན་གྱི་དགོས་མཁོ་ཧུར་བརྩོན་སྒོས་རྒྱ་བསྐྱེད་པ། ཁྱོན་ཡོངས་ཀྱི་ཞིང་སྡེའི་དར་སྤེལ་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ། ས་ཁོངས་མཐུན་སྒྲིག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་བུ་རྒྱ་བསྐྱེད་པ། དམངས་ཚིས་ལ་འགན་ལེན་དང་བཅོས་སྐྱོང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བྱེད་པ་བཅས་ཕྱོགས་དགུ་ནས་བསྒྲུབ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།