པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མི་དམངས་བདེ་སྐྱིད་ཐོབ་པ་དང་རྒྱལ་ཁབ་དར་རྒྱས་ཡོང་བའི་རེ་བ་བྱེད་བཞིན་ཡོད་ཅེས་གསུང་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་མཇལ་ཞུ་གནང་པ། པར་གྱི་ཡོང་ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ།

རྩོམ་སྒྲིག་པའི་གཏམ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་1938ལོར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་དུ་སྐུ་འཁྲུངས་པ་དང་། སྐྱ་མིང་ལ་མགོན་པོ་ཚེ་བརྟན་ཟེར། དགུང་ལོ་གསུམ་གྱི་སྟེང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། 1949ལོའི་ཟླ་6པའི་ཚེས་3ཉིན། གོ་མིན་སྲིད་གཞུང་གིས་གསེར་བུམ་དཀྲུག་མི་དགོས་པར་ཆོག་མཆན་གནང་བ་མ་ཟད། ཟླ་8པའི་ཚེས་10ཉིན། མི་སྣ་ཆེད་དུ་མངགས་ཏེ་སྐུ་འབུམ་བྱམས་པ་གླིང་དུ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་གཙོ་སྐྱོང་གནང་། 1989ལོའི་ཟླ་1པོའི་ཚེས་28ཉིན། དམ་པ་ཁོང་གིས་ཕྱག་ལས་ཀྱི་སྐུ་ངལ་ཚད་མེད་ཞབས་ཀྱིས་བཅགས་མཐར་གཞིས་ཀ་རྩེར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཤེས་རབ་ཀྱི་མཁྱེན་རྒྱ་ཡངས་ཤིང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ། ལྷག་པར་དུ་བོད་ལྗོངས་ཁ་བྲལ་གྱི་སྟོབས་ཤུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དུས་ཡུན་རིང་པོར་འགྱུར་བ་སྤུ་ཙམ་མེད་པར་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོ་བསྒྲེངས་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་བར་མཛད་རྗེས་བསུབ་ཏུ་མེད་པ་བཞག བློ་མཐུན་ཏེང་ཞའོ་ཕིང་གིས་ཁོང་ནི་“རང་རེ་རྒྱལ་ཁབ་ཀྱི་རྒྱལ་གཅེས་པ་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་”ཞེས་བསྔགས་བརྗོད་མཛད་མྱོང་། ད་ལོ་ནི་དམ་པ་ཁོང་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་ལ། ཀྲུང་གོའི་བོད་ལྗོངས་དྲ་བས་ཆེད་རྩོམ་ལེ་ཚན་བཀོད་སྒྲིག་བགྱིས་ནས། རིན་པོ་ཆེ་ཁོང་དང་མའོ་ཙེ་ཏུང་། ཀྲོའུ་ཨེན་ལའེ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་རྣམས་དབར་གྱི་འཕྲིན་ཡིག་དང་གློག་འཕྲིན་གྱིས་འབྲེལ་འདྲིས་གནང་པར་ཕྱིར་དྲན་བྱས་ཏེ། ནམ་ཡང་ནུབ་མི་སྲིད་པའི་ལོ་རྒྱུས་ཀྱི་དུས་སྐབས་ལ་བསྐྱར་མྱོང་བྱེད་པ་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། རྒྱལ་སྲིད་ལས་དོན་སྒྲུབ་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་དབུ་འཛིན་པར་ཁོང་ལ་སྙིང་ཁོང་རུས་པའི་གཏིང་ནས་རྗེས་དྲན་ཞུ་བ་ལགས།

1949ལོར། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་པའི་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཡོངས་སུ་རྒྱལ་ཁ་ཐོབ་གྲབས་ཡོད་པའི་སྔ་ནུབ་ཏུ། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ཟིན་པ་དང་། ལན་ཀྲོའུ་བཅིངས་འགྲོལ་བཏང་པའི་སྔོན་ཙམ་ལ། མའོ་ཀྲུའུ་ཞིས་ནུབ་བྱང་ཕྱོགས་སུ་དཔུང་འཇུག་བྱེད་ཀྱིན་པའི་ཕེང་ཏེ་ཧོའེ་སོགས་བློ་མཐུན་ལ་གློག་འཕྲིན་བཏང་ནས“པཎ་ཆེན་དང་དེ་བཞིན་ཀན་སུའུ་མཚོ་སྔོན་མངའ་ཁོངས་སུ་ཡོད་པའི་བོད་མི་སྲུང་སྐྱོང་དང་བརྩི་འཇོག་ལ་དོ་སྣང་གང་ལེགས་གནང་ནས་བོད་ཀྱི་གནད་དོན་ཐག་གཅོད་རྒྱུའི་གྲ་སྒྲིག་བྱེད་དགོས”པའི་བཀའ་གསུང་བསྩལ་པ་དང་། ཟི་ལིང་བཅིངས་འགྲོལ་བཏང་རྗེས་སུ། ནུབ་བྱང་ཅུས་དང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་མི་སྣ་ཆེད་དུ་མངགས་ནས་སྐུ་འབུམ་དུ་ཡོད་པའི་པཎ་ཆེན་མཆོག་གི་སྐུ་འཁོར་དང་འབྲེལ་གཏུག་བྱས་པ་བརྒྱུད། ཁོང་ཚོར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་གནང་ཞིང་། པཎ་ཆེན་མཆོག་གི་སྐུ་འཁོར་དཔོན་རིགས་ཀྱིས་རང་ཉིད་ཀྱི་འབྲེལ་འདྲིས་དངོས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་ལ་ཤེས་རྟོགས་བྱེད་པ་དང་དུས་མཚུངས་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་བཅིངས་འགྲོལ་ཐོབ་པའི་གནས་བབ་ཧ་ཅང་བཟང་པོའང་མཐོང་བྱུང་པས་ན། ཤིང་སྡེར་བཞུགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་སྙན་སེང་ཞུས་པ་རེད།

1949ལོའི་ཟླ་10པའི་ཚེས་1ཉིན། ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་གནང་པ། པར་གྱི་ཡོང་ཁུངས། མི་དམངས་དྲ་བ།

1949ལོའི་ཟླ་10པའི་ཚེས་1ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མཚོ་སྔོན་ནས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་གཉིས་ལ་གློག་འཕྲིན་བཏང་པ་དང་། གློག་འཕྲིན་དུ“པེ་ཅིང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མའོ་ཀྲུའུ་ཞི་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེར་ཞུ་རྒྱུར། ཁྱེད་ཀྱི་མཁས་མཛངས་གཉིས་ལྡན་གྱི་རྣམ་དཔྱོད་ལ་བརྟེན་པས་རྒྱལ་སྐྱོབ་དམངས་སྐྱོབ་ཀྱི་འཕྲིན་ལས་དར་ཞིང་། དྲང་བདེན་ལ་རྒྱལ་ཁ་ཐོབ་པར་རྒྱལ་ཡོངས་མི་མང་སྤྲོ་བ་འབུམ་གྱིས་མྱོས་ཡོད་པ་རེད། པཎ་ཆེན་ངེད་ནས་རྒྱལ་ཁབ་ཀྱི་བཀའ་དྲིན་སེམས་ཀྱིས་ཚོར་ནས་དེ་ཉིད་ངོས་ལེན་གོང་བརྩི་ཞུ་རྒྱུ་ཡིན་ལ། ལོ་ངོ་ཉི་ཤུ་ལྷག་ཙམ་རིང་། བོད་ལྗོངས་མངའ་ཁོངས་ཀྱི་བདག་དབང་ཆ་ཚང་ཡོང་ཆེད་ཡུལ་ལུང་སོ་སོར་བསྐྱོད་པ་ཡིན་ཡང་གྲུབ་འབྲས་གང་ཡང་ཐོབ་མ་སོང་པས་ཕངས་སེམས་ཤིན་ཏུ་ཆེ། ད་ལྟ་ངེད་ཀྱིས་མཚོ་སྔོན་ནས་བོད་ལ་ཕྱིར་ལོག་རྒྱུའི་བཀར་སྒུག་ཡོད། ཁྱེད་ཀྱི་དབུ་ཁྲིད་འོག་ནུབ་བྱང་བཅིངས་འགྲོལ་ཐོབ་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་བཙུགས་ཟིན་པས། སེམས་པ་སྤྲོ་བས་བརྟས་ཤིང་སྐུལ་ལྕག་ཆེན་པོ་ཐེབས་སོང་། ཕྱིན་ཆད་མི་དམངས་ཀྱི་བདེ་སྐྱིད་ལ་རེ་བ་བྱེད་ཅིང་རྒྱལ་ཁབ་དར་སྤེལ་ཐུབ་ལ་རེ་བ་ལྡན་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཉིན་དེར་ཡང་རེ་སྒུག་བྱས་ཡོད། ངེད་ནས་བོད་ཡོངས་ཀྱི་མི་དམངས་གི་ཚབ་ཞུས་ཏེ་ཁྱེད་ལ་བཀའ་དྲིན་བླ་མེད་ཞུ་རྒྱུ་མ་ཟད་ལྷག་བསམ་རྣམ་དག་གིས་གོང་བཀུར་ཞུ་བ་ཡིན”ཞེས་བཀོད་འདུག

དེ་དང་དུས་མཚུངས་སུ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བྱེས་འཐབ་དམག་སྡེ་དང་པོའི་དམག་སྤྱི་ཕེང་ཏེ་ཧོའེ་ལ“དྲང་བདེན་གྱི་འགོ་ཁྲིད་ལ་བརྟེན་བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དང་། རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཚང་མ་གཙང་དག་བཟོས་ནས་བོད་མི་དམངས་སྐྱོབ་རྒྱུའི”རེ་ཞུ་བཏོན་པ་རེད།

རྟེན་འབྲེལ་གློག་འཕྲིན་དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པས་ཐེངས་དང་པོར་ཡོངས་གྲགས་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོར་བསྟན་པ་ཡིན་ལ། ཁོང་གིས་ཕྱོགས་གཉིས་བཏོན་པ་དེ་ཕུད་ད་དུང་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་ཆ་ཚང་ལ་བརྩི་བཀུར་གནང་རྒྱུའི་ཆབ་སྲིད་ཐད་ཀྱི་རྣམ་འགྱུར་དང་། ཁ་བྲལ་སྟོབས་ཤུགས་ལ་ངོ་རྒོལ་དང“བོད་ལ་ཕྱིར་ལོག་པའི་བཀར་སྒུག་པའི”ཐུགས་འདུན་ཡང་བསྟན་ཡོད་པས། ཀྲུང་གོ་གསར་པའི་ཆབ་སྲིད་ཀྱི་གོ་གནས་དངོས་སུ་ཁས་ལེན་རྒྱུར་བརྩོན་ལེན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

1951ལོའི་ཟླ་4པའི་ཚེས་27ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་པེ་ཅིང་དུ་ཞབས་སོར་ཐོག་མར་འཁོད་པ་དང་། ཙུང་ལི་ཀྲི་ཨན་ལི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འབབ་ཚིགས་སུ་བཅར་ནས་ཕེབས་བསུ་གནང་པ་རེད།

མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་ཟླ་11པའི་ཚེས་23ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པར་འཕྲིན་ལན་བཏང་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་གནང་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་དམངས་ཀྱི་བསམ་འདུན་སྐོང་ཐུབ་ངེས་ཡིན་ཞེས་བསྟན་པ་རེད། འཕྲིན་ཡིག་ཏུ“ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་གློག་འཕྲིན་བཀླགས་ནས་བློ་སེམས་ཤིན་ཏུ་བདེ་བོ་བྱུང་ཡོད་ལ། བོད་མི་དམངས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་ཕྱི་རྒྱལ་གྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པ། གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་སྲིད་ཇུས་ལ་ཡི་རང་མེད་པར། སྟོབས་འབྱོར་གཅིག་གྱུར་གྱི་མི་རིགས་ཁག་འདྲ་མཉམ་ལས་བྱེད་པའི་ཀྲུང་གོ་གསར་པའི་ཁྱིམ་ཚང་ཆེན་པོའི་ནང་བྱེ་བྲག་ཅིག་བྱེད་འདོད་ཡོད་པས་ན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་དམངས་ཀྱི་བསམ་འདུན་སྐོང་ཐུབ་ངེས་ཡིན་ལ། ཁྱེད་དང་བོད་ཀྱི་རྒྱལ་གཅེས་མི་སྣ་དག་རྡོག་རྩ་གཅིག་སྒྲིལ་གྱིས་འབད་བརྩོན་བཅས་བྱས་ནས། བོད་ཀྱི་བཅིངས་འགྲོལ་དང་རྒྱ་བོད་མི་དམངས་ཀྱི་མཐུན་སྒྲིལ་ཆེད་དུ་ནུས་པ་འདོན་རྒྱུའི་རེ་བ་ཞུས་པ་ཡིན”ཞེས་བྲིས་འདུག

སྤྱི་ཁྱབ་དམག་སྤྱི་གཞོན་པ་ཕེང་ཏེ་ཧོའེ་ཡང་པཎ་ཆེན་རིན་པོ་ཆེར་གློག་འཕྲིནབཏང་ནས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་པཎ་ཆེན་ནང་མ་སྒང་གི་དཔོན་རིགས་ཀྱི་རྒྱལ་གཅེས་ལྷག་བསམ་ལ་གདེངས་འཇོག་ཚད་མེད་གནང་པ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

གློག་འཕྲིན་འདིར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཐུགས་ཤིན་ཏུ་མཉེས་ཡོད་དེ། ཁོང་གིས་གློག་འཕྲིན་ལས“ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ངེད་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པའི་ཁྲིམས་མཐུན་གྱི་གོ་གནས་དངོས་སུ་ཁས་ལེན་བྱས་པར”དགོངས་འདུག་པ་དང། “ འཕྲིན་ལན་ཉིན་ལྔ་བཅུ་ལྷག་ཙམ་ལ་ནར་འགྱངས་བཏང་པ་དེས་ཀྱང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་འཕྲིན་ལན་འདིས་ཐོན་པའི་ནུས་པ་དང་དོན་སྙིང་ཐད་ཐུགས་བསམ་ནན་མོ་བཏང་པ”གསལ་པོར་མཚོན་ཐུབ། དེ་དང་ཆབས་ཅིག་ཏུ་ཁོང་གིས་ཀྱང་འཕྲིན་ལན་དུ“རྒྱལ་གཅེས” དང“ ཕྱི་རྒྱལ་གྱི་བཙན་འཛུལ་ལ་ངོ་རྒོལ།” བོད་ལྗོངས་འདི་ཉིད“ ཀྲུང་གོ་གསར་པའི་ཁྱིམ་ཚང་ཆེན་པོའི་ནང་གི་ཆ་ཤས་ཤིག་ཡིན་པ”བཅས་ནན་གྱིས་བསྟན་པ་དང་། ཁོང་ལ“ བོད་ཀྱི་བཅིངས་འགྲོལ་དང་རྒྱ་བོད་གྱི་མཐུན་སྒྲིལ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱེད་རྒྱུའི”བླང་བྱ་བཏོན་པ་ནི་ཁོང་ལ“ཡིད་ཆེས་དང་གཅེས་སྐྱོང་། སྐུལ་ལྕག་གནང་པ་ཡིན་པར”མཁྱེན་རྟོགས་བྱུང་ཡོད་པ་རེད།

(དཔྱད་གཞིའི་་ཡིག་ཆ་ཁག་ཅིག་ནི་གློག་འཕྲིན་གྱི་མ་ཡིག་ཡིག་ཚགས་དང་།《བོད་ཀྱི་ལས་དོན་སྐོར་གྱི་ཡིག་ཚགས་བདམས་བསྒྲིགས》《མའོ་ཙེ་ཏུང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་རྩོམ་གཅེས་བསྒྲིགས》《པཎ་ཆེན་ཨེར་ཏེ་ནིས་དམག་སྤྱི་ཕེང་ཏེ་ཧོའེ་ལ་བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དང་བོད་མི་སྐྱོབ་པའི་རེ་ཞུའི་གློག་འཕྲིན་བཅས་ལ་ཟུར་ལྟ་བྱས་པའོ།)