པཎ་ཆེན་བཅུ་པ་མཆོག་གི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།


ད་ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ནི། སྔོན་ཆད་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རྗེས་དྲན་ཉིན་མོ་རེད། ཉིན་དེར་མཚོ་སྔོན་ཞིང་ཆེན་གྱིས་རྗེས་དྲན་དྲན་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། པཎ་ཆེན་རིན་པོ་ཆེའི་མི་ཚེ་ཧྲིལ་པོའི་བླ་མེད་མཛད་རྗེས་རྗེས་སུ་དྲན་པ་དང་། རིན་པོ་ཆེ་མཆོག་གི་མེས་རྒྱལགཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཐད་ཀྱི་མཛད་རྗེས་རླབས་ཆེན་དྲན་དུ་གསོས།

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། པཎ་ཆེན་བཅུ་པ་མཆོག་གི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་རིན་ཆེན་རྒྱལ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་བཅས་དང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་ལྔའི་བོད་ཁུལ་གྱི་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་བཅས་ནང་ཡོང་བའི་ཆེད་མཁས་པ་དང་། པཎ་ཆེན་བཅུ་པ་མཆོག་གི་གཉེན་ཉེ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མང་ཚོགས་ཀྱི་འཐུས་ཚབ་སོགས་མི་བརྒྱ་ལྷག་དཔྱད་མོལ་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་ཚང་མས་ཞིབ་འཇུག་གི་གྲུབ་འབྲས་བརྗེ་རེས་བྱས་པ་དང་། རྒྱལ་གཅེས་དགོངས་དོན་ལ་དཔྱད་མོལ་བྱས་ཤིང་། རྒྱལ་གཅེས་གཏམ་རྒྱུད་བཤད་ནས། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུང་གོ་གུང་ཁྲན་ཏང་དང་མེས་རྒྱལ་ལ་དགའ་ཞེན་བཅངས་ཤིང་། མི་དམངས་དང་བོད་རྒྱུད་ནང་བསྟན་ཐུགས་སུ་བཅངས་པའི་ཐུགས་བརྩེ་ཆེན་པོར་དྲན་གསོ་ཟབ་མོ་ཞུས་པ་དང་། རིན་པོ་ཆེས་དུས་རྟག་ཏུ་མེས་རྒྱལ་གྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོབ་མཛད་པའི་བླ་མེད་མཛད་པ་དང་། བོད་རྒྱུད་ནང་བསྟན་བདེ་ཐང་ངང་གོང་དུ་སྤེལ་བ་དང་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་དུ་སྤེལ་བར་འཇོག་གནང་མཛད་པའི་བྱས་རྗེས་རླབས་ཆེན་ལ་བསྟོད་པ་ཕུལ།

མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། བོད་ལྗོངས་དམངས་གཙོའི་སྒྱུར་བཀོད་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ལོ་ཡིན། སྐབས་འདི་འདྲར་ང་ཚོས་པཎ་ཆེན་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱ་འགུལ་སྤེལ་བ་དང་། དེར་ཞིང་ཆེན་ཏང་ཨུས་ཧ་ཅང་མཐོང་ཆེན་བྱས་ལ། རིགས་སོ་སོ་དང་ལས་རིགས་སོ་སོ་རང་འགུལ་གྱིས་ཞུགས་པ་འདིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་རིགས་ལ་གནང་བའི་ཐུགས་ཁུར་ཟབ་མོ་མཚོན་ཡོད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བོད་རྒྱུད་ནང་བསྟན་ལས་དོན་ལ་གནང་བའི་མཛུབ་ཁྲིད་ལམ་སྟོན་མཚོན་ཡོད་ལ། ཏང་གི་བྱེད་ཕྱོགས་སྲིད་ཇུས་ཀྱི་ཡང་དག་རང་བཞིན་དང་གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཚོན་ཡོད་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་གཅེས་མི་སྣའི་དྲང་ནུས་ལ་གུས་བཀུར་དང་སློབ་སྦྱོང་བྱེད་པ་མཚོན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། པཎ་ཆེན་བཅུ་པ་མཆོག་གི་རྒྱལ་གཅེས་དམངས་གཅེས་ཀྱི་ཐུགས་བརྩེ་ཆེན་མོར་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ། དུས་རབས་གསར་པའི་བོད་རྒྱུད་ནང་བསྟན་གྱི་འདུལ་ཁྲིམས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཏང་ཕྱིའི་མི་སྣའི་བར་གྱི་མཛའ་མཐུན་སྲོལ་བཟང་དར་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཧུར་ཐག་གིས་འཛུགས་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཉིན་དེར་ཞོན་ཧྭ་རྫོང་བིས་མདོ་ཞང་དུ་ཡོད་པའི་པཎ་ཆེན་བཅུ་པའི་འཁྲུངས་གཞིས་ལ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་མཚན་སྙན་གནང་བར་མ་ཟད་སྒོ་བྱང་བཀལ། མགོན་པོ་བཀྲ་ཤིས་དང་རིན་ཆེན་རྣམ་རྒྱལ་སོགས་ཀྱིས་རྟེན་གཞིའི་སྒོ་བྱང་སྟེང་གི་ཡོལ་རས་བླངས་པར་མ་ཟད། པཎ་ཆེན་བཅུ་པ་མཆོག་གི་འཁྲུངས་གཞིས་ལ་མཇལ་བ་དང་། རིན་པོ་ཆེའི་གཉེན་ཉེ་ལ་འཚམས་འདྲི་བྱས།

དེ་དང་མཉམ་དུ། སྐུ་འབུམ་དགོན་པ་དང་བིས་མདོ་དགོན་པ། པཎ་ཆེན་ཤངས་སྡེ་དགོན་པ། སྐྱེ་རྒུ་དགོན་པ་སོགས་ནས་ཀྱང་རྗེས་དྲན་གྱི་ཆོ་ག་སྤེལ་པ་རེད།