པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་ནམ་ཡང་ང་ཡི་སེམས་ཁོངས་སུ་ཉར་ཡོད།

ལོ་ངོ་30ཡི་སྔོན་དུ། བཀྲགས་མདངས་རབ་ཏུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ས་མཐོར་ས་ལ་བརྡབས། ཁོང་སྐུ་མྱ་ངན་ལས་འདས་པས་ང་ཚོ་ལ་མནོན་ཐབས་མེད་པའི་སྡུག་བསྔལ་དང་ཕངས་སེམས་སྐྱེས། 1989ལོའི་ཟླ་1ཚེས་28ཉིན་གྱི་དགོང་མོ་དེར། ང་ཚོའི་དགའ་ཞིང་གུས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ང་ཚོ་དང་གཏན་དུ་གྱེས། ཁོང་གིས་ཏང་དང་མི་དམངས་ལ་བློ་དཀར་བ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ལ་འབད་བརྩོན་ལྷོད་མེད་ཀྱིས་དོན་གཉེར་བྱས་པས། ཏང་དང་མི་དམངས་ཀྱིས་བསྟོད་བསྔགས་དང་དགའ་གུས་བླ་མེད་བྱེད། ཁོང་ནི་རང་རྒྱལ་གྱི་སྐད་གྲགས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་། རྒྱལ་སྲིད་ལས་དོན་མཛད་མཁན། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཕུལ་དུ་བྱུང་བའི་གཙོ་འཛིན། དེ་བས་ཀྱང་བོད་རིགས་མི་དམངས་ཀྱིས་ཆེས་གཟི་བརྗིད་དུ་བརྩི་བའི་བུ་རྒོད་ཕུལ་བྱུང་ཞིག་ཡིན།

ཨ་མདོ་བྱམས་པ་ལགས་ཀྱིས་མཛད་པའི་ཐང་གའི་བརྩམས་ཆོས་《པཎ་ཆེན་སྐུ་ཕྲེང་བཅུ་པ།》

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་རྒྱལ་གཅེས་མི་སྣ་ཞིག་ཡིན། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སོགས་དྲང་བཞག་རྩ་དོན་གྱི་མདུན་དུ་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཀྱིས་ལངས་ཕྱོགས་བརྟན་པ་དང་དར་ཆ་གསལ་བོ་བསྒྲེངས་ཡོད།

པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་གྱིས་རང་རྒྱལ་གྱི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་གོང་འཕེལ། རྒྱལ་ཁབ་ཀྱི་སྟོབས་འབྱོར་དང་མི་རིགས་ཀྱི་དར་རྒྱས། ཀྲུང་གོའི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་མཐུན། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་དོན་དུ་ནུས་ཤུགས་ཡོད་རྒུ་བཏོན་ཡོད།

པཎ་ཆེན་རིན་པོ་ཆེ་མཆོག་གིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ་དང་། རང་རྒྱལ་གྱི་མི་རིགས་ཁག་གི་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རེས་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་གསར་པ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། བོད་རིགས་དང་སྤུན་ཟླ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད། ཁོང་གིས་བློ་དཀར་སེམས་གཅིག་དང་ལས་དོན་གྱི་འགན་ཁུར་བརྟན་པོས་སྟོབས་ཤུགས་གང་ཡོད་བཏོན་ནས་ལས་དོན་སྒྲུབ། བློ་ནུས་ཡོད་ཚད་ཀྱིས་ཀྲུང་དབྱང་ལ་བསམ་འཆར་དང་གྲོས་གཞི་སྣ་ཚོགས་ཧུར་ཐག་གིས་བཏོན། 1980ལོ་ནས་1989ལོ་བཅུའི་རིང་། རིན་པོ་ཆེ་མཆོག་གིས་སྐུ་ངལ་ལ་མ་འཛེམ་པར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཐེངས་མང་པོར་ལས་དོན་རྟོག་ཞིབ་གནང་བར་ཕེབས། ཁོང་གི་ཞབས་རྗེས་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཡོངས་སུ་བཀོད། ས་གང་དུ་སླེབས་རུང་ཁོང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཏང་ཀྲུང་དབྱང་གི་མི་རིགས་དང་ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་ལ་སོགས་པའི་བྱེད་ཕྱོགས་དང་སྲིད་ཇུས་ཁག་དྲིལ་བསྒྲགས་བྱས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས། ཁོང་གིས་ས་གང་དུ་སླེབས་རུང་ངང་རྒྱུད་རིང་པོས་ས་གནས་དེ་གའི་མང་ཚོགས་ཀྱི་འབོད་སྒྲ་དང་རེ་བ་གསན་པ་མ་ཟད། ཀྲུང་དབྱང་དང་འབྲེལ་ཡོད་སྡེ་ཚན་ལ་ཡར་ཞུ་གནང་སྟེ་འབྲེལ་ཡོད་སྡེ་ཁག་གིས་ལེགས་བཅོས་དང་མི་རིགས་ལས་དོན་ལེགས་པོ་སྒྲུབ་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་མཆོག་གིས་མའོ་ཀྲུའུ་ཞི་ལ་ཕུལ་བའི་ཤིས་ཚིག མི་རིགས་རིག་གནས་ཕོ་བྲང་གི་རྟེན་མཛོད་ཁང་དུ་ཉར་ཚགས་གནང་ཡོད།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་རང་ཉིད་ཀྱི་གཏམ་གླེང་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་ལག་བསྟར་ཧུར་ཐག་བྱས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མཐུན་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་བློ་མཐུན་ཞི་ཀྲུང་ཞུན་གྱི་རྒྱབ་སྐྱོར་འོག 1986ལོའི་ཟླ་5པར་པེ་ཅིང་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུའི་གྲོས་གཞི་བཏོན། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་ཞིབ་འཇུག་དང་འཚོལ་ཞིབ་རྒྱུན་འཛིན། དར་སྤེལ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། 1987ལོའི་ཟླ་7པའི་ཚེས་1ཉིན། པཎ་ཆེན་རིན་པོ་ཆེའི་སྐུལ་འདེད་ཤུགས་ཆེན་དང་གཙོ་སྐྱོང་གནང་འོག པེ་ཅིང་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པ་དང་། ཁོང་གིས་ཐོག་མའི་སློབ་གཙོའི་འགན་འཁུར་ནས་ཆབ་སྲིད་ཀྱི་ངོས་ནས་མེས་རྒྱལ་ལ་དགའ་ཞེན་དང་། ཆོས་ལུགས་ཐད་ནས་ཡོན་ཚད་ཆེན་པོ་ཡོད་པའི་ནང་པའི་བླ་མ་སྐྱེས་ཆེན་གསོ་སྐྱོང་བྱ་བར་ཆ་རྐྱེན་བསྐྲུན་ཡོད།

པཎ་ཆེན་སྐུ་ཕྲེང་བཅུ་པས་《མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་》དེ་བོད་རང་སྐྱོང་ལྗོངས་སུ་ལག་བསྟར་མཐར་ཕྱིན་གནང་བར་སེམས་འཁུར་ཧ་ཅང་ཆེན་པོ་མཛད་ནས་དགེ་མཚན་ལྡན་པའི་བསམ་འཆར་གནད་ལ་འཕིགས་པ་མང་པོ་བཏོན། ཁོང་གིས་བོད་ཀྱི་དཔལ་འབྱོར་དང་རིག་གནས་དར་སྤེལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས“བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས”འཛུགས་པའི་དགོངས་འཆར་བཏོན་གནང་བ་མ་ཟད་ཀྲུའུ་རིན་ཨུ་ཡོན་གྱི་འགན་བཞེས། ཁོང་གིས་བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུར་མཐོང་ཆེན་གནང་ནས། བོད་ཀྱི་དོན་དངོས་ལ་གཞིགས་ཏེ་མི་རིགས་སློབ་གསོ་ལེགས་པར་གཉེར་དགོས་པ་དང་བོད་ཡིག་སྤྱོད་དགོས་པའི་གལ་ཆེའི་རང་བཞིན་ནན་སྐུལ་གནང་། བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། 1987ལོའི་ཟླ་7པར། ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་ང་ཕོད་ངག་དབང་འཇིགས་མེད་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་ཐོག་《བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་གྱི་གཏན་འབེབས་འགའི》གྲོས་གཞི་བཏོན་པར་གྲོས་འཆམ་བྱུང་། པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་རིགས་ན་གཞོན་རྣམས་ལ་ཐེངས་མང་པོར་སློབ་སྦྱོང་བཟང་པོ་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན། ཁོང་གིས་ད་དུང་རྩ་ཁྲིམས་བཟོ་བཅོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་ནས་རྩ་ཁྲིམས་ལ་གྲོས་ཞིབ་དང་བཟོ་བཅོས་བྱེད་སྐབས་བསམ་འཆར་དང་གྲོས་གཞི་གལ་ཆེན་མང་པོ་བཏོན་གནང་ཡོད་པ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མི་ཚེའི་རིན་ཐང་ཡོད་ཚད་ས་མཐོའི་ཡུལ་དུ་ཕུལ་བ་དང་། མི་ཚེའི་སེམས་ཤུགས་ཡོད་ཚད་ཀྲུང་ཧྭའི་ཡུལ་གྲུ་ཆེན་མོར་བཞག ཁོང་གི་སྐུ་ཚེ་ཧྲིལ་པོར་འཚོ་བ་བབ་ཆགས་ཡིན་པ་དང་བྱང་སེམས་ཀྱི་བརྩེ་བ་ཆེན་པོ་སྙིང་ལ་བཅིངས་ནས་ཕངས་སེམས་མེད་པར་གཞན་ལ་རོགས་རམ་བྱེད་པ་དང་། རྒྱ་ཆེའི་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་ངལ་བ་ཁྱད་བསད་དང་ཉིན་མཚན་དབྱེར་མེད་དུ་ལས་དོན་ལ་དཀའ་སྤྱད་འབད་བརྩོན་བྱས། རིན་པོ་ཆེས་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བྱེད་དགོས་པའི་དོན་སྙིང་ཆེན་པོ་འགྲེལ་བརྗོད་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པར་གསོན་ཉམས་དོད་པའི་དཔེ་མཚོན་བསྐྲུན་ཡོད།

བློ་བཟང་བསམ་གཏན་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱས།

པཎ་ཆེན་སྐུ་ཕྲེང་བཅུ་པའི་བཀའ་སློབ་ཁག་ལོ་ངོ་མང་པོའི་རིང་མི་རྣམས་ཀྱིས་བློ་ལ་བརྟན་པོར་ངེས་པ་དང་། རིན་པོ་ཆེ་མཆོག་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་དང་འབྲེལ་བའི་བརྩེ་དུང་གིས་རྗེས་རབས་པ་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནང་ཧུར་ཐག་གིས་ཞུགས་པར་ཟམ་མི་ཆད་པར་སྐུལ་ལྕག་ཐེབས་པས། རང་རྒྱལ་གྱི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་བསྐྱོད་པར་འབད་བརྩོན་ཧུར་ཐག་དང་། “ཀྲུང་གོའི་ཕུགས་འདུན་”རླབས་པོ་ཆེ་མངོན་དུ་འགྱུར་ཆེད་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད། (རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བློ་བཟང་བསམ་གཏན་གྱིས་བརྩམས། རྩོམ་པ་པོ་ནི་རྒྱལ་ཡོངས་ཆབ་གྲོས་ཀྱི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མངའ་རིས་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཡིན།)

བྱམས་པས་བསྒྱུར།