ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ལ་སྙིང་ཐག་པ་ནས་དྲན་གསོ་ཞུ།

རྩོམ་སྒྲིག་པའི་གཏམ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་1938ལོར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་དུ་སྐུ་འཁྲུངས་པ་དང་། སྐྱ་མིང་ལ་མགོན་པོ་ཚེ་བརྟན་ཟེར། དགུང་ལོ་གསུམ་གྱི་སྟེང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། 1949ལོའི་ཟླ་6པའི་ཚེས་3ཉིན། གོ་མིན་སྲིད་གཞུང་གིས་གསེར་བུམ་དཀྲུགས་མི་དགོས་པར་ཆོག་མཆན་གནང་བ་མ་ཟད། ཟླ་8པའི་ཚེས་10ཉིན། མི་སྣ་ཆེད་དུ་མངགས་ཏེ་སྐུ་འབུམ་བྱམས་པ་གླིང་དུ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་གཙོ་སྐྱོང་གནང་། 1989ལོའི་ཟླ་1པོའི་ཚེས་28ཉིན། དམ་པ་ཁོང་གིས་ཕྱག་ལས་ཀྱི་སྐུ་ངལ་ཚད་མེད་ཞབས་ཀྱིས་བཅགས་མཐར་གཞིས་ཀ་རྩེར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཤེས་རབ་ཀྱི་མཁྱེན་རྒྱ་ཡངས་ཤིང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ། ལྷག་པར་དུ་བོད་ལྗོངས་ཁ་བྲལ་གྱི་སྟོབས་ཤུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དུས་ཡུན་རིང་པོར་འགྱུར་བ་སྤུ་ཙམ་མེད་པར་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོ་བསྒྲེངས་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་བར་མཛད་རྗེས་བསུབ་ཏུ་མེད་པ་བཞག བློ་མཐུན་ཏེང་ཞའོ་ཕིང་གིས་ཁོང་ནི་“རང་རེ་རྒྱལ་ཁབ་ཀྱི་རྒྱལ་གཅེས་པ་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་”ཞེས་བསྔགས་བརྗོད་མཛད་མྱོང་། ད་ལོ་ནི་དམ་པ་ཁོང་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་ལ། ངེད་དུས་དེབ་ཁང་གིས་ཆེད་རྩོམ་ལེ་ཚན་བཀོད་སྒྲིག་བགྱིས་ནས། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། རྒྱལ་སྲིད་ལས་དོན་སྒྲུབ་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་དབུ་འཛིན་པ་ཁོང་ལ་སྙིང་ཁོང་རུས་པའི་གཏིང་ནས་རྗེས་དྲན་ཞུ།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ལ་སྐུ་སྙིང་ལ་སྙུན་གཞི་དྲག་པོ་ཐེབས་ཏེ་གློ་བུར་དུ་སྐུའི་བཀོད་པ་རྫོགས་པ་དེས། ཀྲུང་གོ་གུང་ཁྲན་ཏང་ལ་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་དམ་པ་ཞིག་མེད་པར་གྱུར་པ་དང་། ང་རང་ཉིད་ལ་མཚོན་ན་ལོ་ངོ་བཞི་བཅུའི་རིང་མཉམ་དུ་ཕྱག་ལས་གནང་བའི་གྲོགས་པོ་བློས་ཐུབ་ཅིག་དང་བྲལ་བར་གྱུར་སོང་།

ལོ་ངོ་བཞི་བཅུའི་རིང་ང་དང་པཎ་ཆེན་རིན་པོ་ཆེའི་དབར་མཛའ་བརྩེ་ཟབ་མོ་ཆགས་ཤིང་། ད་རེས་བོད་ལྗོངས་སུ་རིན་པོ་ཆེ་མཆོག་མཆོད་ཁང་ཤར་པཎ་ཆེན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་ཆེན་པོ་བསྐྱར་བཞེངས་ཀྱི་རབ་གནས་མཛད་སྒོ་གཙོ་སྐྱོང་གནང་བར་ཕེབས་སྐབས། ཁོང་གིས་ལས་བྲེལ་ལ་མ་ལྟོས་པར་ངའི་སར་ཞལ་གྱེས་སུ་ཕེབས་པ་དང་འབྲེལ་མཇལ་དར་ཡང་གནང་བྱུང་། ཁོང་ཉིད་ཕྱི་ལ་ཕེབས་སྐབས་ཞལ་གྱེས་གནང་བ་དང་ཕྱིར་ལོག་སྐབས་བཀའ་འདྲི་གནང་རྒྱུ་དེ་ནི་རིན་པོ་ཆེ་མཆོག་གིས་དུས་ཡུན་རིང་པོའི་ནང་དུ་ང་དང་འབྲེལ་འདྲིས་གནང་བའི་གོམས་གཤིས་ཤིག་ཏུ་ཆགས་ཡོད། རིན་པོ་ཆེ་མཆོག་ནི་ཐུགས་བག་ཡངས་ཤིང་ཕྱག་ལས་གནང་སྐབས་སྐུ་ངལ་གསོ་མི་ཤེས་པ་སོགས་ང་ལ་ཆ་རྒྱུས་ཡོད། ངས་ཁོང་ལ་དུས་ཚིགས་འདིར་བོད་ལྗོངས་སུ་གསོ་རླུང་མི་འདེང་བས་ཉིད་ཀྱི་སྐུ་ལུས་ལ་དོ་སྣང་གནང་དགོས་ཚུལ་དང་ཕྱག་ལས་ལ་མཛད་བྲེལ་ཆེན་པོ་མི་གནང་བར་ཕྱག་ལས་དང་ངལ་གསོ་ཟུང་འབྲེལ་གནང་དགོས་ཚུལ་ཞུས་པ་ལ། རིན་པོ་ཆེ་མཆོག་གིས་བྱ་བ་འདི་ལེགས་འགྲུབ་བྱུང་ཚེ་ངའི་བསམ་འདུན་ཆེ་ཤོས་ཤིག་གྲུབ་ཟིན་པས་ཤིའང་འགྱོད་པ་མེད་ཅེས་གསུངས་སོང་། ངས་ལྷ་ཡང་ཁྱེད་ཉིད་བཞུད་པར་མི་མོས་ལ། མར་ཁེ་སིའང་བཞུད་པར་འཐད་པ་མ་རེད་ཅེས་ཞུས་ཀྱང་། གྱེས་ཐེངས་འདི་ནི་རིན་པོ་ཆེ་མཆོག་དང་གཏན་གྱེས་ཡིན་པ་སུ་ཞིག་གི་ཡིད་ལ་འཆར་ཐུབ། ངས་རིན་པོ་ཆེ་མཆོག་ཕེབས་ཁར་ང་ལ་གནང་བའི་མཇལ་དར་དཀར་གཙང་དེ་ཡར་བཏེགས་ནས་ཁ་ནུབ་ཕྱོགས་སུ་འཁོར་ཏེ་མྱ་ངན་གྱི་འགྱོད་གདུང་ཚད་མེད་བགྱིས།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་བཞུགས་སྐབས། ཁོང་ཉིད་སྐུ་ན་ཕྲ་བའི་དུས་ནས་གུང་ཁྲན་ཏང་ལ་དགའ་ཞེན་དང་ཏང་ལ་བརྩེ་དུང་ཟབ་མོ་ཆགས་ཡོད། སྐུ་ཉིད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་ད་ལྟའི་བོད་ལྗོངས་འདི་ལྟ་བུ་ཞིག་ཡོང་མི་ཐུབ་ཅེས་གསུངས་ཤིང་། ང་རང་ཁོང་ཉིད་དང་ཡུན་རིང་འབྲེལ་འདྲིས་ཁྲོད། སྐུ་ཉིད་ཀྱི་ཐུགས་བརྩེ་དེ་ནི་ལྷག་བསམ་ཟོལ་མེད་ཡིན་པ་མངོན་པར་ཚོར་ཞིང་། མཆོག་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་ཕྱག་ལེན་མཛད་པའི་ཐད་ནས་ཀྱང་གནད་དོན་དེ་རིགས་གསལ་བཤད་ར་སྤྲོད་གང་ལེགས་བྱུང་ཡོད།

བོད་མི་རིགས་ཀྱི་ཕུལ་བྱུང་འཐུས་མི་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་དུ་འཕགས་པའི་གཙོ་འཛིན་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་མི་རིགས་ཀྱི་ལས་དབང་དང་མདུན་ལམ་དེ། མེས་རྒྱལ་གྱི་ལས་དབང་དང་མདུན་ལམ་དང་སྔ་ཕྱི་བར་གསུམ་དུ་ཟུང་འབྲེལ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཟུང་དུ་སྦྲེལ་ཏེ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཉེར་ཡོད་པའི་སྐབས་ནས་ཀྲུང་གོ་གསར་པ་བཙུགས་ཚུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཚང་མར། རིན་པོ་ཆེ་མཆོག་གིས་གནད་དོན་གལ་ཆེན་མང་པོའི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འདོད་ཚུལ་ལ་ལྷག་བསམ་རྣམ་དག་གིས་སྲུང་བརྩི་གནང་།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་མའོ་ཀྲུའུ་ཞི་ལ་ཁ་བཏགས་འབུལ་བ། ཐེན་པའོ་ཧྥ་ཡིས་པར་བརྒྱབ།

1949ལོའི་ཟླ་9པར་ཟི་ལིང་བཅིངས་འགྲོལ་བྱས་རྗེས། པཎ་ཆེན་རིན་པོ་ཆེས་མི་མངགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་འབྲེལ་གཏུག་བགྱིས་པ་སྟེ། སྐབས་དེར་སྤྱི་ཁྱབ་དམག་སྤྱི་གཞོན་པ་ཕེང་ཏེ་ཧོའེ་དང་ངེད་གཉིས་ཀྱིས་ནུབ་བྱང་ཅུས་ཀྱི་ལས་དོན་གྱི་འགན་ཁུར་ཡོད་པས་པཎ་ཆེན་དང་འབྲེལ་འདྲིས་བྱ་དགོས་བྱུང་། 1949ལོའི་ཟླ་10པའི་ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་སྐབས། པཎ་ཆེན་རིན་པོ་ཆེས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་གཉིས་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་གསར་པ་དབུ་བརྙེས་པར་རྟེན་འབྲེལ་ཞུས། ཁོང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཀྲུང་གོའི་གུང་ཁྲན་ཏང་ལ་དགའ་གུས་དང་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་གཉའ་གནོན་གྱི་ལམ་ལུགས་མེད་པར་བཟོས་ནས་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་“མི་འགྱངས་པར་བོད་ལྗོངས་བཅིངས་འགྲོལ་གཏོང་ཐུབ་པར་”ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད་པ་མཚོན་པར་བྱས། ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་གཉིས་ཀྱིས་ཀྱང་པཎ་ཆེན་རིན་པོ་ཆེར་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས་པ་དང་སྐུལ་མ་བཏང་སྟེ། རིན་པོ་ཆེ་མཆོག་དང་བོད་ལྗོངས་ཀྱི་རྒྱལ་གཅེས་མི་སྣས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ལྗོངས་བཅིངས་འགྲོལ་དང་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་ཆེད་འབད་བརྩོན་བྱ་དགོས་པའི་རེ་བ་བཏོན། 1950ལོའི་ཟླ་6པར། པཎ་ཆེན་རིན་པོ་ཆེ་མཆོག་ནས་འཐུས་མི་ཅེས་འཇིགས་མེད་སོགས་ཆེད་དུ་ཞི་ཨན་དུ་མངགས་ནས་སྤྱི་ཁྱབ་དམག་སྤྱི་ཕེང་ལགས་དང་མཇལ་འཕྲལ་གནང་སྟེ། བོད་ལྗོངས་བཅིངས་འགྲོལ་བྱེད་ཐབས་སྐོར་གྱི་གྲོས་འཆར་བཏོན། སྐབས་དེར་ང་རང་སྤྱི་ཁྱབ་དམག་སྤྱི་ཕེང་ལགས་དང་ལྷན་དུ་ཅེས་འཇིགས་མེད་སོགས་དང་མཇལ་ཏེ། པཎ་ཆེན་རིན་པོ་ཆེའི་རྒྱལ་གཅེས་དྲང་བདེན་གྱི་བྱ་སྤྱོད་ལ་སྤྲོ་སེམས་འཁོལ་བའི་ངང་རྒྱབ་སྐྱོར་དང་། ཁོང་གིས་ང་ཚོའི་ཏང་ལ་རྒྱབ་རྟེན་བཅོལ་བར་བཀའ་དྲིན་ཆེ་ཞུས་པ་ཡིན། ང་ཚོས་ད་དུང་པཎ་ཆེན་མཆོག་ལ་འཕྲིན་ཡིག་བསྐུར་ནས་“བོད་རིགས་མི་དམངས་རྣམས་མགྱོགས་མྱུར་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ཁྱིམ་གཞི་ཆེན་པོར་ལོག་ནས། འདྲ་མཉམ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་རོལ་བའི་”སྨོན་འདུན་ཞུས་པ་ཡིན། ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་པཎ་ཆེན་རིན་པོ་ཆེའི་བོད་ལྗོངས་བཅིངས་འགྲོལ་བྱེད་ཐབས་སྐོར་གྱི་གྲོས་འཆར་ལ་ཧ་ཅང་མཐོང་ཆེན་གནང་ཞིང་། དེ་ནི་རྒྱལ་གཅེས་དང་མཐུན་སྒྲིལ་གྱི་སྙིང་སྟོབས་དང་མཐུན་པས་ལས་དོན་ཡག་པོ་ཞིག་ཏུ་བསམས་པ་རེད།

1951ལོའི་ཟླ་4ཚེས་22ཉིན། ཞི་ཀྲུང་ཞུན་(གཡོན)གྱིས་ནུབ་བྱང་དམག་སྲིད་སྐུ་ཚབ་དག་ཁྲིད་དེ་ཞི་ཨན་བརྒྱུད་པེ་ཅིང་དུ་ཕེབས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་གནང་བ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་ཀྲོའོ་ཙུང་ལི་ལ་ཁ་བཏགས་འབུལ་བ། ཅིན་ཁྲི་ཡོན་གྱིས་པར་བརྒྱབ།

1951ལོའི་ཟླ་4པའི་ཟླ་དཀྱིལ་གྱི་ཉིན་ཞིག་ལ། ང་རང་ཐེངས་དང་པོར་པཎ་ཆེན་རིན་པོ་ཆེ་མཆོག་དང་མཇལ་བྱུང་། སྐབས་དེར་ཁོང་གིས་པཎ་ཆེན་ནང་མ་སྒང་གི་དཔོན་རིགས་ཀྱི་དབུ་ཁྲིད་དེ་པེ་ཅིང་ལ་ཕེབས་པའི་ལམ་བར་དུ་ཞི་ཨན་ལ་བརྒྱུད་སྐབས། ངས་ནུབ་བྱང་ཅུས་དང་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གནམ་ཐང་དུ་ཕེབས་བསུ་བྱས། ཁོང་གནམ་གྲུ་ལས་མར་འབབ་དུས་སྐྱེས་འབྲས་མཚར་བའི་བོད་རིགས་ན་གཞོན་སྤྲུལ་སྐུ་ཞིག་གི་སྣང་བརྙན་དེ་ངའི་མིག་ལམ་དུ་མངོན་བྱུང་། གནམ་གྲུའི་སྐས་འགྲམ་དུ་ཁོང་གིས་ངའི་ལག་པར་དམ་པོར་འཇུས་ནས་སེམས་འགུལ་ཚད་མེད་ཐེབས་བཞིན་ཁོ་བོར་གསུངས་དོན། ང་ཚོ་ཆེད་དུ་པེ་ཅིང་ལ་ཕྱིན་ནས་མའོ་ཀྲུའུ་ཞི་ལ་གུས་འདུད་ཞུས་ཏེ། ངས་བོད་རིགས་མི་དམངས་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་མའོ་ཀྲུའུ་ཞིར་སྨོན་ལམ་ལེགས་པོ་བྱེད་པ་སྐུ་དངོས་སུ་ཡར་ཞུ་བྱ་རྒྱུ་ཡིན། དགའ་བསུའི་ཚོགས་སྟོན་ཐོགཁོང་གིས་སེམས་ཐག་གཙང་བཅད་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བརྩི་བཀུར་དང་། ཆོད་སེམས་བརྟན་པོས་བོད་ཀྱི་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་དང་ལྷན་ཅིག་ཏུ་བོད་ལྗོངས་བཅིངས་འགྲོལ་དང་། བོད་རིགས་མི་དམངས་ཀྱི་མཐུན་སྒྲིལ་ལ་འབད་བརྩོན་ལྷུར་ལེན་བྱ་རྒྱུ་ཡིན་པ་མཚོན་པར་བྱས། “སྐྱེ་བོ་སྙིང་རུས་ལྡན་གྱུར་ན། ། བྱ་བ་ཆེན་པོ་ཡུན་གྱིས་འགྲུབ། ། ” ཁོང་གི་རྒྱལ་གཅེས་ཀྱི་མོས་སེམས་དང་ལྷག་བསམ་ཟོལ་མེད་ཀྱི་གཤིས་ཀས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་།

1951ལོའི་དཔྱིད་ཀར། བཙན་རྒྱལ་རིང་ལུགས་པར་མོས་མཁན་སྲིད་སྐྱོང་སྟག་བྲག་སྲིད་ཁྲི་ལས་བབ་སྟེ། ཏཱ་ལའི་བླ་མས་དངོས་སུ་སྲིད་བསྐྱངས། ཟླ་1པོའི་ཚེས་27ཉིན། ཏཱ་ལའི་བླ་མས་ཀྲུང་དབྱང་ལ་འཕྲིན་ཡིག་བཏང་ནས་རང་ཉིད་ཀྱིས་སྲིད་བསྐྱངས་པའི་གནས་ཚུལ་སྙན་ཞུ་ཕུལ་ཏེ། ཞི་བདེ་དོན་གཉེར་བྱེད་པའི་རེ་བ་བཏོན། ཀྲུང་དབྱང་གིས་བཀའ་ལན་གནང་ནས་སྲིད་བསྐྱངས་པར་རྟེན་འབྲེལ་ཞུས་པ་དང་། མགྱོགས་པོར་པེ་ཅིང་དུ་འཐུས་མི་མངགས་ནས་གྲོས་མོལ་བྱ་རྒྱུར་དགའ་བསུ་ཞུས། ཟླ་4པའི་ཚེས་22ཉིན། ཏཱ་ལའི་བླ་མས་མངགས་པའི་དབུ་བཞུགས་སྐུ་ཚབ་དབང་ཆ་ཆ་ཚང་ཡོད་པ་ང་ཕོད་ངག་དབང་འཇིགས་མེད་སོགས་ཞི་བའི་གྲོས་མོལ་གྱི་འཐུས་མི་པེ་ཅིང་དུ་འབྱོར། ཟླ་4པའི་ཚེས་27ཉིན། པཎ་ཆེན་རིན་པོ་ཆེས་སྣེ་ཁྲིད་པའི་གུས་ཞུ་ཚོགས་པ་ཡང་པེ་ཅིན་དུ་འབྱོར། པཎ་ཆེན་རིན་པོ་ཆེས་ལྷག་བསམ་རྣམ་དག་གིས་ཀྲུང་དབྱང་གི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་གཏོང་བའི་བྱེད་ཕྱོགས་ལ་བརྩི་བཀུར་དང་། བོད་ལྗོངས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ཚང་མར་མཐུན་སྒྲིལ་བྱས་ཏེ་བྱེད་ཕྱོགས་དེ་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་མཚོན་པར་བྱས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་ཀྱི་འགན་བཞེས་པ་བློ་མཐུན་ལི་ཝེ་ཧན་སོགས་ཀྱིས་བོད་ལྗོངས་ས་གནས་སྲིད་གཞུང་གི་འཐུས་མི་དང་གྲོས་མོལ་ཐེངས་མང་བྱས་མཐར། ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་མོས་མཐུན་འབད་འཐབ་གནང་བ་བརྒྱུད། 1951ལོའི་ཟླ་5པའི་ཚེས་23ཉིན། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》དེ་པེ་ཅིང་དུ་མིང་རྟགས་བཀོད་པ་རེད། གྲོས་མཐུན་ལ་མིང་རྟགས་བཀོད་པའི་ཕྱི་ཉིན་གྱི་ཕྱི་དྲོར། པཎ་ཆེན་རིན་པོ་ཆེས་པཎ་ཆེན་ནང་མ་སྒང་གི་འགན་འཁུར་དཔོན་རིགས་གཙོ་བོའི་སྣེ་ཁྲིད་ནས་མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་གུས་འདུད་ཞུས། ཁོང་གིས་མའོ་ཀྲུའུ་ཞི་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པའི་“ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་མགོན་སྐྱབས་”ཞེས་པའི་གོས་དར་ཆེན་པོ་ཞིག་ཕུལ། ཉིན་དེའི་དགོང་མོར་མའོ་ཀྲུའུ་ཞིས་གྲོས་མཐུན་བཞག་པར་རྟེན་འབྲེལ་ཞུ་བའི་གསོལ་སྟོན་བཤམས་ནས་གསུང་བཤད་ཀྱང་གནང་། ཟླ་5པའི་ཚེས་28ཉིན། པཎ་ཆེན་རིན་པོ་ཆེ་དང་ནང་མ་སྒང་གི་མི་སྣས་“སྨྲ་བརྗོད་བྲལ་བའི་སྤྲོ་སྣང་གི་”བསམ་འདུན་ངོས་ནས་གསལ་བསྒྲགས་སྤེལ་དོན། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་“བཙན་རྒྱལ་རིང་ལུགས་ཀྱིས་བོད་ལྗོངས་ལ་བཙན་འཛུལ་བྱེད་པར་ཕམ་ཉེས་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་། བོད་མི་རིགས་དང་ཀྲུང་གོའི་མི་རིགས་ཁག་བར་མཐུན་སྒྲིལ་དང་། བོད་མི་རིགས་ནང་ཁུལ་དུ་མཐུན་སྒྲིལ་བྱུང་སྟེ། ད་ནས་བཟུང་བོད་མི་རིགས་ལ་རང་ཉིད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཞིག་ཕྱེ་བའི་འགོ་བརྩམས། ” གསལ་བསྒྲགས་སུ་ཏཱ་ལའི་བླ་མས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། འཐུས་མི་མངགས་ནས་པེ་ཅིང་དུ་ཞི་བའི་གྲོས་མོལ་དང་གྲོས་མཐུན་བཞག་པའི་བྱ་སྤྱོད་ལ་བརྩི་བཀུར་བླ་མེད་གནང་། སྐབས་དེར་པཎ་ཆེན་རིན་པོ་ཆེས་ད་དུང་ཏཱ་ལའི་བླ་མ་ལ་གློག་འཕྲིན་བཏང་ནས། “རང་ནུས་ཡོད་དགུས་” ཏཱ་ལའི་བླ་མ་དང་“བསམ་པ་རྣམ་དག་གིས་མཐུན་སྒྲིལ་”བྱས་ཏེ། ཁོང་ལ་རམ་འདེགས་བགྱིས་ནས་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་ལག་ལེན་མཐར་ཕྱིན་བྱ་རྒྱུའི་བསམ་འདུན་བསྟན། ཆབས་ཅིག་ཏུ་པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོར་གློག་འཕྲིན་བཏང་ནས་ཆོས་སྲིད་ཀྱི་དཔོན་རིགས་དང་སེར་སྐྱ་མང་ཚོགས་ཡོངས་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་མའོ་ཀྲུའུ་ཞིའི་འགོ་ཁྲིད་འོགརྡོག་རྩ་གཅིག་སྒྲིལ་གྱིས་“གྲོས་མཐུན་དེ་དངོས་ཐོག་ཏུ་མངོན་འགྱུར་བྱ་རྒྱུ་དང་། ཧུར་བརྩོན་གྱིས་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དཔུང་ལ་རོགས་སྐྱོར་བགྱིས་ཏེ། བཙན་རྒྱལ་རིང་ལུགས་ཀྱིས་བོད་ལྗོངས་ལ་བཙན་འཛུལ་བྱེད་པའི་སྟོབས་ཤུགས་མཐར་སྐྲོད་གཏོང་དགོས་”པའི་རེ་བ་བཏོན།

1951ལོའི་ཟླ་12པའི་ཚེས་15ཉིན། པཎ་ཆེན་མཆོག་མཚོ་སྔོན་ཟི་ལིང་བརྒྱུད་བོད་ལྗོངས་ལ་ཕྱིར་ཕེབས་གྲབས་བྱེད་པའི་སྔ་ནུབ་ཏུ། ཀྲུང་དབྱང་གི་མངགས་བཅོལ་ལྟར། ངས་མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཟི་ལིང་ལ་ཆེད་དུ་ཕྱིན་ནས་ཁོང་ལ་སྐྱེལ་མ་བྱས། པཎ་ཆེན་རིན་པོ་ཆེ་མཆོག་དང་པཎ་ཆེན་ནང་མ་སྒང་གི་དགེ་འདུན་པ་ཡོངས་ཀྱིས་གཟབ་སྦྲེང་གཤར་ནས་ང་ལ་དགའ་བསུ་བྱས་བྱུང་། མི་རིགས་ལས་རིགས་ཁག་གི་མི་འབོར་1000ལྷག་ཙམ་ཞུགས་པའི་དགའ་བསུའི་ཚོགས་ཆེན་ཐོག་པཎ་ཆེན་རིན་པོ་ཆེས་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་། ཁོང་གིས་ཡིད་འགུལ་ཐེབས་པའི་སྒོ་ནས་གསུངས་རྒྱུར་“གལ་སྲིད་ཀྲུང་གོའི་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་ཡང་དག་པའི་འགོ་ཁྲིད་དང་། ཀྲུང་གོའི་སྤུན་ཟླ་མི་རིགས་ཁག་གི་ལྷག་བསམ་རྣམ་དག་གི་རོགས་རམ་མེད་ཚེ། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་དེ་གཏན་ནས་མངོན་འགྱུར་བྱེད་མི་ཐུབ་ལ། ང་ཚོ་བོད་དུ་ཕྱིར་ལོག་རྒྱུའང་སྲིད་པ་མ་རེད། དེར་བརྟེན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞི་ནི་བོད་མི་དམངས་ཀྱི་མགོན་སྐྱབས་དང་ང་ཚོའི་དྲིན་ཆེན་ཡིན་ཟེར་དགོས། ང་ཚོ་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་རྗེས་སུ་འབྲངས་ཏེ། མེས་རྒྱལ་སྤུན་ཟླ་མི་རིགས་ཁག་དབར་མཐུན་སྒྲིལ་དམ་ཟབ་བྱས་ཚེ། ང་ཚོ་བོད་མི་རིགས་གཞི་ནས་བཅིངས་འགྲོལ་མཐར་ཕྱིན་འཐོབ་ཐུབ་པ་ལས་ཐབས་ལམ་གཞན་མེད། ” པཎ་ཆེན་རིན་པོ་ཆེའི་གསུང་བཤད་ཚན་པ་དེ་ནི་ལྷག་བསམ་ཟོལ་མེད་ཀྱི་བདེན་གཏམ་དུ་འཁུམས། ཁོང་གི་སྐུ་ཕྲེང་སྔོན་མ་སྟེ་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་འགལ་བ་བྱུང་བས་འུ་ཐུག་མཐར་བོད་ལྗོངས་དང་ཡུན་རིང་ཁ་བྲལ་ནས་ནང་སར་ལོ་ངོ་26ལ་བཞུགས། སྐུའི་དགོངས་པ་གཞན་དུ་གཤེགས་པའི་བར་དུ་བོད་ལྗོངས་སུ་ཕྱིར་ཕེབས་མ་ཐུབ། ད་ལྟ་བོད་ལྗོངས་སུ་ལོག་སྟེ་དགོན་སྡེར་ཕེབས་པའི་འདུན་པ་དེ་གཞི་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་སུ་མངོན་འགྱུར་བྱུང་བས། ཁོང་ལ་དགའ་སྤྲོ་དང་སེམས་འགུལ་ཐེབས་པ་སྨྲོས་མེད་རེད།

ཐེངས་འདིའི་ཐུགས་འཕྲད་སྐབས། ང་ཅག་མཛའ་ཞིང་བརྩེ་བའི་ངང་གླེང་མོལ་གནང་སྟེ། ངས་ཁོང་ལ་ཁྱེད་རང་བོད་ལྗོངས་སུ་ཕེབས་རྗེས་བྲེལ་འཚུབ་མི་བྱེད་པར་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་དགོས། ཐོག་མར་བོད་རིགས་ནང་ཁུལ་ལ་མཐུན་སྒྲིལ་ལེགས་པོར་བྱ་དགོས། འདི་ལྟར་བྱས་ན་ད་གཟོད་བོད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་གཞི་ནས་རེ་བ་ཡོད་ཚུལ་མོལ། ངས་ད་དུང་ཀྲུང་དབྱང་གི་དགོངས་དོན་ལྟར། པཎ་ཆེན་རིན་པོ་ཆེ་བོད་ལྗོངས་ལ་ཕེབས་རོགས་སུ་མངགས་པའི་འགན་འཁུར་བློ་མཐུན་དག་ལ་བླང་བྱ་དོན་ཚན་གཉིས་བཏོན། གཅིག་ནི། བོད་ལྗོངས་ཀྱི་ལས་དོན་མཐའ་དག་གཟབ་ནན་བརྟན་ལྷིང་གིས་ལག་བསྟར་བྱེད་པ་ལས། ཆ་རྐྱེན་མ་འཛོམས་ཚེ་ལས་དོན་མི་སྤེལ་བ་དང་། མཐོ་རིམ་རྒྱལ་གཅེས་མི་སྣ་དང་གཙོ་འཛིན་མི་སྣ་འཐད་པ་མེད་པའི་ལས་ཀ་མི་བསྒྲུབ་པ། གཉིས་ནི། བོད་ལྗོངས་ཀྱི་ལས་དོན་ནི་བཙན་རྒོལ་དང་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་རྒྱུ་གཙོ་བོར་འཛིན་དགོས། ཕྱིར་འདང་ཞིག་བརྒྱབ་ན། ཀྲུང་དབྱང་གི་དགོངས་དོན་འདི་དག་ད་ལྟའི་བར་དུའང་སྔར་བཞིན་དགེ་མཚན་ཆེན་པོ་ཡོད་སྙམ།

1952ལོར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་གྲོས་མཐུན་དོན་ཚན་བཅུ་བདུན་ལྟར་བོད་ལྗོངས་སུ་ཕེབས། འདི་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་གཞིས་ཀ་རྩེར་འབྱོར་སྐབས་སུ་མང་ཚོགས་ཁྲི་དྲུག་ལྷག་གིས་ཕེབས་བསུ་བྱེད་ཚུལ་རེད།

1952ལོའི་ཟླ་4པར། པཎ་ཆེན་རིན་པོ་ཆེ་བོད་ལྗོངས་སུ་ཕེབས་ནས་བྱང་ཐང་གི་གྲོང་རྡལ་གཙོ་གྲས་ནག་ཆུར་འབྱོར་སྐབས། བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་པ་གཉིས་ཏེ། སྲིད་ཚབ་སྲིད་བློན་ཀླུ་ཁང་བ་དང་བློ་བཟང་བཀྲ་ཤིས་སོགས་ཀྱིས་ལྷ་སར་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་ལ་ངོ་རྒོལ་བྱེད་པར་མི་དམངས་ཚོགས་འདུ་རྫུས་མའི་དོན་རྐྱེན་ངན་སློང་བྱས། དོན་དེར་པཎ་ཆེན་རིན་པོ་ཆེ་ཁོང་ཁྲོ་དྲག་པོ་ལངས་ཏེ། ཏཱ་ལའི་བླ་མར་གློག་འཕྲིན་བཏང་ནས། ཏཱ་ལའི་བླ་མ་ནས་“བློ་གྲོས་མཆོག་གྱུར་གྱི་སྙིང་སྟོབས་དང་ཐུགས་རྗེ་ཆེན་པོའི་གཟི་དཔལ་གྱིས་”མེས་རྒྱལ་གཅིག་གྱུར་ལ་གཏོར་བརླག་དང་། བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བརླགལྷག་པར་དུ་ཏཱ་ལའི་བླ་མའི་ཆོས་སྲིད་ཀྱི་སྙན་གྲགས་ལ་གཏོར་བརླག་བཏང་སྟེ་དོན་རྐྱེན་ཚབས་ཆེན་བཟོ་མཁན་དག་ལ་ཐག་གཅོད་ནན་མོ་གནང་དགོས་པའི་རེ་བ་བཏོན། མཐར་ཏཱ་ལའི་བླ་མ་ནས་སྦྱར་ཡིག་བཀྲམས་ནས་མི་དམངས་ཚོགས་འདུ་རྫུས་མ་གྲོལ་བར་མཛད་ཅིང་། ཀླུ་ཁང་བ་དང་བློ་བཟང་བཀྲ་ཤིས་གཉིས་ཀྱི་ལས་ཚབ་སྲིད་བློན་གྱི་གོ་གནས་ཕྱིར་འཐེན་གནང་།

ཟླ་4པའི་ཚེས་28ཉིན་པཎ་ཆེན་རིན་པོ་ཆེ་ལྷ་སར་འབྱོར་རྗེས། ཁོང་དང་ཏཱ་ལའི་བླ་མ་དབར་དགོངས་དག་ཞུས་ཐོག་ཕན་ཚུན་ལ་མཇལ་དར་བསྒྲོན།

1954ལོའི་ཟླ་9ཚེས་4ཉིན། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེད་གཏོང་མེ་འཁོར་དུ་བཞུགས་ཏེ་པེ་ཅིང་མེ་འཁོར་འབབ་ཚུགས་སུ་ཕེབས་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཏེ་(གྲལ་སྔོན་མའི་གཡོན་ནས་གསུམ་པ)དང་སྲིད་དོན་ཁང་གི་ཙུང་ལི་ཀྲོའུ་ཨེན་ལེའི་(གྲལ་སྔོན་མོའི་གཡས་ནས་དང་པོ)སོགས་འབབ་ཚུགས་སུ་ཕེབས་བསུ་གནང་བ།

ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་མའོ་ཙེ་ཏུང་གིས་གསོལ་སྟོན་བཤམས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པར་རྟེན་འབྲེལ་ཞུས། ཀྲུའུ་ཞི་མའོ་ཙེ་ཏུང་གི་གཡོན་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང་གཡས་ནི་བོད་ལྗོངས་ས་གནས་སྲིད་གཞུང་གི་དབང་ཆ་ཁ་ཚང་ཡོད་པའི་སྐུ་ཚབ་ང་ཕོད་ངག་དབང་འཇིགས་མེད་རེད།

1954ལོའི་ཟླ་9པར། པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མ་རྣམ་གཉིས་ལྷན་དུ་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོར་ཞུགས། སྐབས་དེར་ངས་ཀྲུང་དབྱང་དུ་ལས་དོན་བྱེད་བཞིན་ཡོད། དུས་དེ་ནས་བཟུང་སྟེ་1962ལོའི་བར། ངས་ཀྲུང་དབྱང་གི་བཀའ་མངགས་ལྟར་པཎ་ཆེན་རིན་པོ་ཆེ་དང་འབྲེལ་ལམ་བྱ་བ་འགན་ཁུར་བས་ང་ཚོའི་བར་གྱི་འབྲེལ་བའང་ཉིན་བཞིན་ཇེ་དམ་དུ་སོང་བ་དང་མཛའ་བརྩེའང་སྔར་བས་ཟབ་མོར་ཆགས།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་ང་ཚོའི་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཞིག་ཡིན་ལ། ཁོང་གིས་ཏང་ལ་གནད་དུ་འཁེལ་བའི་བསམ་འཆར་དང་གྲོས་འགོ་འདོན་པ། ཐ་ན་སྐྱོན་བརྗོད་དྲག་པོ་གནང་བ་སོགས་ཀྱི་ཐོག་ནས་དེ་དག་མཚོན་ཐུབ། ཁོང་གི་བློ་བརྟན་གཞུང་དྲང་དང་ཁ་ཞེ་གཉིས་མེད། ཤེས་ཚད་ཤོད་ནུས་པའི་གཤིས་ཀར་ང་རང་ཧ་ཅང་རྒྱུས་ལོན་ཡོད་པ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་གཤིས་ཀ་དེ་ལྟ་བུ་ངོ་མ་རྙེད་དཀའ་བ་ཞིག་རེད། ངས་རྒྱུན་པར་ང་ལ་འདི་ལྟ་བུའི་བློས་ཐུབ་ཀྱི་གྲོགས་པོ་ཡོད་པ་ནི་ལས་འབྲེལ་ཡག་པོ་ཞིག་ཏུ་བསམ་ཡོད། ངེད་གཉིས་ཕན་ཚུན་ལ་ཆ་རྒྱུས་ཟབ་མོ་ཡོད་པས་ངས་ཀྱང་ཁོང་ལ་སེམས་གཏིང་ནས་ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་བ་བྱེད་བཞིན་ཡོད། ངས་དུས་རྟག་ཏུ་ཁོང་ལ་བརྗོད་རྒྱུར། ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མཐུན་སྒྲིལ་གྱི་ཆེད་དུ་ངེད་གཉིས་དབར་སྐད་ཆ་ཅི་ཡང་བརྗོད་ཆོགང་ལ་ནོར་འཁྲུལ་ཡོད་ཚེ་ཁྱེད་ཀྱིས་སྐྱོན་བརྗོད་བྱོས། ཁྱོད་ལ་ནོར་འཁྲུལ་བྱུང་ཚེ་ངས་སྐྱོན་བརྗོད་བགྱིས་ཏེ་དངོས་ཐོག་བདེན་འཚོལ་བྱ་དགོས། ཁོང་ནི་དོན་དག་དང་འཕྲད་ཚེ་སེམས་འཚབ་པ་དང་ཐ་ན་ཁོང་ཁྲོ་ལངས་ནའང་ཨུ་ཚུགས་མཐར་སྐྱེལ་བྱེད་པའི་མི་ཞིག་མིན། ཁོང་གི་མི་ཚེ་གང་པོར་བདེན་དོན་བརྩོན་གཉེར་དང་ངན་དོར་དགེ་སྤེལ། རྟག་པར་བསམ་འཆར་ཡང་དག་ལ་གསན་པར་སྤྲོ། ཁོང་གིས་བྱ་བཞག་ཀུན་ནན་ཏན་གྱིས་གསན་ཞིང་ཏན་ཏིག་གིས་སྒྲུབ་པར་བྱེད། ངས་རྟག་ཏུ་ཁོང་ལ་སྦ་གསང་མེད་པར་གང་བསམ་གསུངས་ན་འགྲིག་མོད་བྲེལ་འཚུབ་བྱེད་མི་རུང་། དོན་བཟང་དག་ནི་ཡུན་གཅིག་གིས་འགྲུབ་དཀའ་བས་ཐུགས་ཁྲོ་གནང་མི་རུང་ཞེས་བརྗོད་པ་ཡིན། ཁོང་གིས་གསུངས་དོན། ཁྱོད་ནི་ངའི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་ཡིན་པས་ཁྱོད་རང་ང་ལ་རྒྱུས་ཡོད། ཁྱོད་ཀྱིས་ང་ལ་འདི་ལྟར་བརྗོད་པ་དང་དེ་ལྟར་སྒྲུབ་དགོས་ལུགས་བརྗོད་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཀྱིན་ཡོད།

ཙུང་ལི་གཞོན་པ་ཁྲེན་དབྱི་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་གཉིས་གཞིས་ཀ་རྩེར་འབྱོར་བ། ལི་ཀྲུང་ཁུའེ་ཡིས་པར་བརྒྱབ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་སྐུ་ཚེ་ཧྲིལ་པོར་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་། བོད་ལྗོངས་ཀྱི་དམངས་གཙོའི་བཅོས་བསྒྱུར་ལ་ཤིན་ཏུ་བརྩི་བཀུར་ཞུས་པ་རེད། 1956ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་སྐབས། དེ་འཕྲལ་པཎ་ཆེན་ནང་མ་སྒང་གི་མངའ་གཞིས་སུ་ཐོག་མར་དམངས་གཙོའི་བཅོས་སྒྱུར་ཚོད་ལྟ་བྱས་ཏེ་ཉམས་མྱོང་སྡུད་པ་དང་དེ་ནས་ལྗོངས་ཡོངས་སུ་ཁྱབ་སྤེལ་གཏོང་བའི་གྲོས་གཞི་བཏོན། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུའི་ཆ་རྐྱེན་འཛོམས་མེད་པར་བསམ་ནས་“ལོ་དྲུག་ལ་བཅོས་སྒྱུར་མི་བྱེད་པའི་”བྱེད་ཕྱོགས་བཏོན། པཎ་ཆེན་རིན་པོ་ཆེས་ཀྲུང་དབྱང་གི་དགོངས་འཆར་བརྩི་སྲུང་བྱས་ནས་ཚོད་ལྟ་མ་བྱས། 1959ལོའི་ཟླ་3པའི་ཚེས་10ཉིན། བོད་ལྗོངས་ཀྱི་གོང་རིམ་ངོ་ལོག་ཚོགས་ཁག་གིས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སྲུང་སྐྱོང་བྱེད་ཆེད། མངོན་སུམ་འཛེམ་མེད་ཀྱིས་དོན་ཚན་བཅུ་བདུན་པའི་གྲོས་མཐུན་རྩིས་མེད་དུ་བཏང་ནས་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། གནས་ཚུལ་འདི་ལ་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་སྔའི་བོད་ས་གནས་སྲིད་གཞུང་གྲོལ་བ་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ས་གནས་སྲིད་གཞུང་གི་འགན་དབང་སྤྱོད་རྒྱུ་བཀའ་ཕབ་ཅིང་། པཎ་ཆེན་རིན་པོ་ཆེ་མཆོག་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་སྐུ་ཚབ་ཏུ་བསྐོ་གཞག་གནང་བ་སྟེ། ཕྱོགས་གཅིག་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་ཕྱོགས་གཅིག་ནས་བསྒྱུར་བཅོས་བྱེད་པའི་བྱེད་ཕྱོགས་གཏན་འབེབས་བྱས། པཎ་ཆེན་རིན་པོ་ཆེས་མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལི་ལ་གློག་འཕྲིན་བཏང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་དང་ཆོད་དོན་ལ་བརྩི་བཀུར་ཞུས་པ་དང་། དུས་མཚུངས་སུ་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་དང་དམག་ཁུལ་ལ་གློག་འཕྲིན་བཏང་ནས་ཞུ་རྒྱུར། “ངས་ནང་མ་སྒང་ལ་མཛུབ་སྟོན་གནང་ཟིན། ད་ལྟ་དེ་བས་ཀྱང་མུ་མཐུད་དུ་ཡན་ལག་ཨུ་ལྷན་དང་བཅིངས་འགྲོལ་དམག་ལ་མཐུན་སྒྲིལ་ཤུགས་སྣོན་བརྒྱབ་སྟེ། མཉམ་ལས་དམ་ཟབ་དང་། གྲ་སྒྲིག་ལེགས་པོ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཏེ། ཐུན་མོང་ཐོག་ངོ་ལོག་པར་དྲག་གནོན་བྱ་དགོས། ” ཟླ་4པའི་ཚེས་8ཉིན། པཎ་ཆེན་རིན་པོ་ཆེས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 1960ལོའི་ཟླ་4པའི་ཚེས་22ཉིན། གྲ་སྒྲིག་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་བཞི་པ་སྐོང་འཚོགས་གནང་། པཎ་ཆེན་རིན་པོ་ཆེས་སྤྱི་བསྡོམས་སྙན་ཞུའི་ནང་ཞོད་འཇགས་དང་སྒྱུར་བཅོས་ཀྱི་གལ་ཆེའི་དོན་སྙིང་ལ་གདེང་འཇོག་ཚད་མཐོན་པོ་གནང་སྟེ། 1959ལོ་ནི་“བོད་མི་དམངས་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་ལོ་གཅིག་”ཡིན་པ་བསྟན།

བོད་ལྗོངས་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་སྒྱུར་བཅོས་ནི་བོད་ཀྱི་སྤྱི་ཚོགས་ཡར་ཐོན་དང་མི་དམངས་ཡར་ལངས་པའི་རླབས་ཆེན་གྱི་གསར་བརྗེ་ཞིག་ཡིན། འོན་ཀྱང་རྗེས་མར་“གཡོན་”གྱི་ནོར་འཁྲུལ་བྱུང་བར་པཎ་ཆེན་རིན་པོ་ཆེས་གཏན་ནས་ཡི་རང་མི་བྱེད་དེ། ཁོང་པེ་ཅིང་དུ་ཕེབས་ནས་ཀྲུང་དབྱང་ལ་གནས་ཚུལ་ཡར་ཞུ་བྱས། མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལི། ལི་ཝེ་ཧན་སོགས་བློ་མཐུན་ཚང་མས་སོ་སོར་པཎ་ཆེན་རིན་པོ་ཆེའི་བསམ་འཆར་ལ་གསན། མའོ་ཀྲུའུ་ཞིས་པཎ་ཆེན་རིན་པོ་ཆེའི་སྐད་ཆ་དྲང་མོ་ཤོད་ཕོད་པའི་གཤིས་ཀ་ལེགས་པོར་བསྟོད་བསྔགས་མཛད་པ་དང་འབྲེལ་ཁོང་གིས་བཏོན་པའི་བསམ་འཆར་ཡག་པོ་ཁ་ཤས་ཁས་ལེན་དང་བསྔགས་སྐུལ་མཛད། སྐབས་དེར་ཀྲུང་དབྱང་ནས་བློ་མཐུན་དབྱང་ཅིང་རེན་བོད་ལྗོངས་ལ་མངགས་ནས་བརྟག་དཔྱད་བྱས། 1961ལོའི་ཟླ་1པོའི་ཚེས་5ཉིན། ཏེང་ཞའོ་ཕིང་གིས་བློ་མཐུན་ཡང་ཅིན་རེན་གྱི་སྙན་ཞུ་ལ་གསན་རྗེས། བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་རྗེས་སུ། “གཡོན་”དང་བྲེལ་ཆེ་བ་གཉིས་འགོག་དགོས་པ་མ་ཟད། བོད་ལྗོངས་བརྟན་ལྷིང་འཕེལ་རྒྱས་དང་ལོ་ལྔའི་ནང་མཉམ་ལས་ཁང་མི་སྒྲུབ་པའི་ལམ་ཕྱོགས་བསྟན། ཟླ་1པོའི་ཚེས་24ཉིན། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་པཎ་ཆེན་དང་བློ་མཐུན་ཀྲང་ཅིང་ཝུའུ་གཉིས་ལ་བཀའ་མོལ་གནང་སྐབས་བསྟན་དོན། “བོད་ལྗོངས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་མདོར་དྲིལ་ན་ས་ཞིང་དབང་བའི་ལམ་ལུགས་ནི་ཞིང་པ་སྒེར་ལ་དབང་བའི་ལམ་ལུགས་ཡིན། ལམ་ལུགས་འདི་མུ་མཐུད་ནས་ལོ་མང་པོར་ལག་བསྟར་བྱེད་དགོས། གཙོ་གནད་ནི་ཐོན་སྐྱེད་འཕར་སྣོན་ཡིན་ལ། ལམ་ཕྱོགས་འདི་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་མཐའ་འཁྱོལ་བྱ་དགོས། ” དེའི་རྗེས་པཎ་ཆེན་རིན་པོ་ཆེ་བོད་ལྗོངས་སུ་ཕེབས་ཏེ་ལས་ཀ་འདི་གཙོ་སྐྱོང་གནང་བ་མ་ཟད། བོད་ཀྱི་ས་ཁུལ་གཞན་དག་ཏུ་བརྟག་དཔྱད་གནང་སྟེ་1962ལོའི་ཟླ་5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་《ཡིག་འབྲུ་ཁྲི་བདུན་ཅན་》གྱི་སྙན་ཞུ་ཕུལ། ཁོང་གིས་གོ་རིམ་ལྡན་པའི་སྒོ་ནས་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་ལས་ཀའི་ཐད་སྐྱོན་བརྗོད་དང་བསམ་འཆར་བཏོན། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་གནང་སྟེ། པཎ་ཆེན་རིན་པོ་ཆེའི་བསམ་འཆར་དང་གྲོས་གཞི་ལེགས་པོ་རེད། འོན་ཀྱང་དོན་རེ་འགའ་ཐལ་ཆེ་འདུགང་རང་ཀྲོའུ་ཨེན་ལའེ་ཡི་མངགས་བཅོལ་ལྟར་ཐེངས་མང་པོར་པཎ་ཆེ་རིན་པོ་ཆེ་ལ་བལྟ་རུ་སོང་བ་མ་ཟད་ཁོང་དང་གླེང་མོལ་བྱས་པ་ཡིན། ཁོང་ཐུགས་ཁྲོས་ནས་ང་ལ་ཁྲོ་གཏམ་འགའ་ཤས་བཤད་བྱུང་། ངས་ཁོང་གི་སྦ་གསང་མེད་པར་ཏང་ལ་རིན་ཐང་བྲལ་བའི་བསམ་འཆར་འདོན་ཕོད་པའི་སྙིང་སྟོབས་ལ་གདེངས་འཇོག་མཐོན་པོ་བྱས་པ་དང་ཆབས་ཅིགཁོང་ལ་ཐུགས་མི་ཁྲོས་པ་དང་ཁྲོ་གཏམ་མི་བཤད་རྒྱུའི་ཁ་ཏ་སློབ་གསོ་བྱས་པ་ན། ཡུད་ཙམ་སོང་རྗེས་ཁོང་གི་ཐུགས་ཞི་ནས་ང་ལ་གསུངས་རྒྱུར། ཁྱེད་ཀྱིས་བཤད་པ་ངས་དང་ལེན་བྱེད། ང་རང་ཆུང་དུས་ནས་ཁྱེད་ཀྱི་མིག་འོག་ནས་ནར་སོན་ཞིང་། ཐོག་མ་ནས་ང་ལ་རོགས་རམ་བྱས། ཁྱེད་ནི་ཏང་གི་འཐུས་ཚབ་ཡིན་ལ་སྒེར་ངོས་ནས་ངའི་གྲོགས་པོ་ཡིན། ཁྱེད་ཀྱིས་ང་ལ་ཕན་པར་བསམ་གྱིན་འདུག་པས་བཀའ་དྲིན་ཆེ་ཞུ། འོན་ཀྱང་བཤད་མི་འོས་པའི་ཁྲོ་གཏམ་འགའ་ཞིག་བཤད་ཟིན་པས་རྗེས་ཕྱོགས་ངས་གཟབ་གཟབ་བྱེད། ཡིན་ནའང་ངས་གསལ་པོ་བརྗོད་རྒྱུ་ཞིག་ལ་ངས་སེམས་གཏིང་ནས་ཏང་ལ་ཕན་པར་བསམ་པ་ཡིན། པཎ་ཆེན་ནི་འདི་འདྲའི་ཁ་ཁོག་གཉིས་མེད་ཀྱི་རིན་པོ་ཆེ་ཞིག་རེད། རྗེས་སུ་ང་དང་ལི་ཝེ་ཧན། ཨུ་ཡོན་ཀྲང་གཞོན་པ་ང་ཕོད་སོགས་ཀྱིས་པཎ་ཆེན་རིན་པོ་ཆེ་དང་ལྷག་བསམ་རྣམ་དག་ངང་བསམ་ཚུལ་བརྗེ་རེས་བྱས་པ་ཡིན། ང་ཚོ་ཐུན་མོང་ཐོག་དཔྱད་བསྡུར་བྱས་ཏེ་བོད་ལྗོངས་ཀྱི་ལས་དོན་ཁྲོད་ཀྱི་“གཡོན་”ཕྱོགས་ལ་ཡོ་བསྲང་དང་བྲེལ་ཆེ་བ་འགོག་པར་དམིགས་པའི་ཡིག་ཆ་ལེགས་པོ་བཞི་གཏན་འབེབས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་འགོད་རྒྱུར་སྙན་ཞུ་ཕུལ། འོན་ཀྱང་ཡིད་ཕམ་པ་ཞིག་ལ། 1962ལོའི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་རྗེས་སུ། “གཡོན་”ཕྱོགས་ཀྱི་སློབ་སྟོན་བསམ་བློའི་ཤུགས་རྐྱེན་གྱིས་ཡིག་ཆ་བཞི་པོ་དེ་ལག་བསྟར་བྱ་ཐབས་མ་བྱུང་། པཎ་ཆེན་དང་ལི་ཝེ་ཧན། ང་བཅས་ལ་ལས་དོན་དེའི་རྐྱེན་གྱིས་འཐབ་རྩོད་ཀྱང་བྱས་པ་རེད། དུས་དེ་ནས་བཟུང་ང་དང་པཎ་ཆེན་རིན་པོ་ཆེ་དབར་འགྲོ་འོང་ཆད་ནས་ལོ་བཅུ་ལྷག་ཙམ་ཟིན། “རིག་གནས་གསར་བརྗེ་ཆེན་པོའི་”ནང་པཎ་ཆེན་རིན་པོ་ཆེ་དང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མང་པོར་ཁྱད་མེད་དུ་དགག་རྒྱག་ཚབས་ཆེན་ཐེབས། དེ་ལྟ་ན་ཡང་པཎ་ཆེན་རིན་པོ་ཆེས་ཐེ་ཚོམ་མེད་པར་ཏང་དང་མེས་རྒྱལ་ལ་ཡིད་ཆེས་བརྟན་པོ་བཅངས།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ང་དང་པཎ་ཆེན་རིན་པོ་ཆེ་གཉིས་ཡང་བསྐྱར་མཇལ་འཛོམས་བྱུང་། གྲོགས་པོ་རྙིང་པ་འཕྲད་པས་ཕན་ཚུན་སེམས་འགུལ་ཆེན་པོ་ཐེབས། པཎ་ཆེན་རིན་པོ་ཆེས་ང་མཐོང་དུས་ཧ་ཅང་དོགས་མི་བདེ་བའི་ངང་བརྗོད་རྒྱུར། ངའི་《སྙན་ཞུ་ཡིག་འབྲུ་ཁྲི་བདུན་ཅན་》གྱིས་ཁྱེད་ལའང་སྐུ་ངལ་བཟོས་པས་དངོས་གནས་དགོངས་པ་མི་ཚོམ་པར་ཞུ། ངས་ཁོང་ལ་གནད་དོན་འདི་སུས་སུ་ལ་དཀའ་ལས་བཟོས་པའི་གནད་དོན་ཞིག་མ་རེད། ང་ཚོ་ཚང་མར་སྦྱོང་བརྡར་དང་ཚོད་བགམ་ཐེབས་པས་ཤེས་རྒྱ་བསྐྱེད་སོང་། ཏང་ནི་ཁྱོད་ལ་ཆ་རྒྱུས་ཡོད་ཅེས་བཤད།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཏང་ཀྲུང་དབྱང་གི་ཟིང་སློང་ཡོ་བསྲང་བྱ་རྒྱུའི་བྱེད་ཕྱོགས་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུས་པ་དང་། ཐུགས་ནུས་གང་ཡོད་ཀྱིས་ཏང་ཀྲུང་དབྱང་ལ་གཞོགས་འདེགས་ཐོག་སྲིད་ཇུས་ཁག་དོན་འཁྱོལ་གནང་ཞིང་། ཏང་ཀྲུང་དབྱང་གིས་ཀྱང་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཡིད་ཆེས་གང་ལེགས་གནང་། 1980ལོར། པཎ་ཆེན་རིན་པོ་ཆེ་མཆོག་བོད་ཁུལ་དུ་གཟིགས་ཞིབ་གནང་བར་མ་ཕེབས་གོང་བློ་མཐུན་ཏེང་ཞའོ་ཕིང་གིས་ཁོང་ཉིད་གཟིམ་ཤག་ཏུ་གདན་དྲངས་ཏེ་“ཁྱེད་ནི་རང་རེ་རྒྱལ་ཁབ་ཀྱི་རྒྱལ་གཅེས་པ་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་”པས་“ཁྱེད་རང་གི་མཛད་ཕྱོགས་ཐད་ཐུགས་ལྷོད་ལྷོད་གནང་རྒྱུ་ལས་དོགས་སྣང་བྱ་མི་དགོས། ” “ད་རེས་ཁྱེད་གཞི་རིམ་དུ་ཕེབས་སྐབས། རིག་གནས་གསར་བརྗེའི་ཁྲོད་ཀྱི་བྱ་བ་དེ་ཚོ་ཡོད་ཚད་ནོར་འཁྲུལ་རེད་ཅེས་གསུངས་ཆོགཁྱེད་རང་འཛེམ་དོགས་གནང་མི་དགོས། དེ་ནི་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་གསུངས་པ་རེད་ཅེས་གསུངས་ཆོག་”ཅེས་ཐུགས་སྣང་གཤིན་པོའི་སྒོ་ནས་གསུངས་པས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གསན་རྗེས་ཁོང་ལ་ཐུགས་འགུལ་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་ཏེ་ཏང་ལ་དེ་བས་བློས་འཁེལ་བྱུང་ཞིང་། ཁོང་གིས་ཤོར་ཟིན་པའི་དུས་ཚོད་རྣམས་མྱུར་སྐྱོབ་གནང་ཕྱིར་རྟག་ཏུ་ཉིན་མཚན་དབྱེར་མེད་ཐོག་ཕྱག་ལས་དང་སློབ་སྦྱོང་གནང་།

1980ལོའི་ལོ་མཇུག་ཏུ། ང་རང་ཀོང་ཏུང་ནས་ཕྱིར་ཀྲུང་དབྱང་དུ་ལོག་རྗེས། མི་རིགས་དང་ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་ཁུར་བ་ནས་བཟུང་། ང་གཉིས་བར་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཇེ་མང་དུ་སོང་སྟེ་མཛའ་བརྩེའང་སྔར་བས་སྲ་བརྟན་དུ་གྱུར། པཎ་ཆེན་རིན་པོ་ཆེ་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཆོས་ལུགས་དབུ་འཛིན་པ་ཡིན་པས་སྐབས་དེའི་ཁོང་གི་ལས་འགན་སྔར་ལས་ལྕི་ལ། ལས་ཀའི་བྲེལ་ཟིང་ཡང་སྔར་བས་ཆེ། དེ་ལྟ་ནའང་ང་ཚོ་མཇལ་འཛོམས་ཀྱི་དུས་ཚོད་ཇེ་ཉུང་དུ་སོང་མེད། ངེད་གཉིས་ལྷག་བསམ་ཟོལ་མེད་ངང་མཉམ་འཛོམས་བྱེད་པའི་གོམས་གཤིས་ཡག་པོ་དེ་སྔར་མུས་བཞིན་ནོ། ། ཁོང་ཉིད་གཟིགས་སྐོར་དང་ཡང་ན་ཕྱི་རྒྱལ་དུ་ཕེབས་པ་དང་། བྱེད་སྒོ་གལ་ཆེན་སོགས་སྒྲུབ་སྐབས། ངས་རྒྱུན་དུ་ཁོང་ལ་ཁ་ཏ་བྱས་ཏེ། གཅིག་ནས་སྐུ་གཟུགས་དང་བདེ་འཇགས་ལ་དོ་སྣང་བྱ་དགོས་པ། གཉིས་ནས་གནད་དོན་ལ་འཕྲད་དུས་བློ་རྣལ་དུ་ཕབ་པ་ལས་ཐུགས་ཁྲོས་མི་རིགས་པའོ། ། ཁོང་རང་ཕྱིར་ལོག་ཕེབས་བྱུང་ཚེ་ནམ་རྒྱུན་ང་བཙལ་ནས་སྙིང་གཏམ་དང་སྐད་ཆ་སྦ་གསང་མེད་པར་བཤད་པ་ཡིན། ཁོང་གིས་ལས་དོན་རེ་རེ་བཞིན་ལེགས་འགྲུབ་བྱུང་ཚེ་ང་རང་ཡང་སེམས་གཏིང་ནས་དགའ་པོ་བྱུང་བ་མ་ཟད། ཐེ་ཚོམ་སྤུ་ཙམ་མེད་པར་ཁོང་ལ་རྒྱབ་སྐྱོར་བྱས་པ་ཡིན། ངས་བལྟས་ན་ཁོང་ལ་ད་དུང་མི་འདེང་བའི་ཆ་ཡོད་ཚེ། ངས་ཀྱང་འཛེམ་དོགས་ཅི་ཡང་མེད་པར་གསལ་རྗེན་དུ་བཏོན་པ་དང་། ཁོང་གིས་ངས་བཤད་པ་མི་འགྲིག་པར་འདོད་སྐབས་ང་དང་རྩོད་གླེང་བྱེད་པའམ་ཡང་ན་རང་ཉིད་ཀྱི་བསམ་འཆར་རྒྱུན་འཁྱོངས་བྱེད། 1985ལོར། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཧོ་ནན་ཞིང་ཆེན་གྱིས་ཧྲའོ་ལིན་དགོན་པ་དེ་ཉིད་སུང་ཧྲན་དོ་དམ་ཅུས་ལ་སྤྲད་པར་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། “གནད་དོན་དེ་རྩད་གཅོད་མཐར་ཕྱིན་བྱ་རྒྱུ་དང་རྩད་གཅོད་གསལ་ཐག་ཆོད་པ་ཞིག་མ་ཡོང་བར་དུ་ལྷོད་གཡེང་གཏན་ནས་མི་བྱེད་”ཅེས་བརྗོད། ངས་ཡིག་ཆ་དེ་མཐོང་འཕྲལ་“སྲིད་ཇུས་དོན་འཁྱོལ་དམ་འཛིན་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་འོས་མོད། འོན་ཀྱང་ཁོང་ཁྲོ་ཆེན་པོ་མི་བཞེས་པར་ཞུ། ” “ཧྲའོ་ལིན་དགོན་པ་དེ་གྲྭ་བཙུན་གྱིས་དོ་དམ་བྱས་ན་ལེགས། ” “གལ་ཏེ་དུས་ལྟར་དོ་གཉེར་མི་བྱེད་པར་ནར་འགྱངས་བྱས་ཚེ་ཆེད་མི་མངགས་ནས་རྒྱུ་མཚན་ཞིབ་རྩད་ཆོག་ལ། རིན་པོ་ཆེ་སྐུ་དངོས་ཀྱིས་འདྲི་རྟོག་སྐུལ་འདེད་གནང་ཆོག་”ཅེས་བརྗོད་པ་ཡིན། མཐར་དོན་དག་དེ་ཐག་གཅོད་འོས་འཚམ་བྱུང་རྗེས་པཎ་ཆེན་རིན་པོ་ཆེ་ཡང་ཐུགས་ཧ་ཅང་དགའ་སོང་།

པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་འཕགས་དབུ་འཛིན་པ་ཞིག་ཡིན་པའི་ཆ་ནས་ཁོང་ཉིད་རང་གིས་དད་པ་བྱ་ཡུལ་གྱི་ཆོས་ལུགས་ལ་དགའ་ཞེན་ཆེ་ལ། བོད་མི་རིགས་ཀྱི་ཕུལ་བྱུང་སྐུ་ཚབ་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་རིགས་ལ་དགའ་ཞེན་ཆེ་བ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་ཞིག་ཡིན་པའི་ཆ་ནས་མེས་རྒྱལ་ལ་དགའ་ཞེན་ཆེ་བ། ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་ཆེ་བ། ཁོང་གིས་ཆོས་གཅེས་དང་རིགས་གཅེས། རྒྱལ་གཅེས། ཏང་གཅེས་བཅས་ལེགས་པོར་གཅིག་གྱུར་གནང་བྱུང་བ་དེ་ནི་པཎ་ཆེན་རིན་པོ་ཆེའི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་རེད།

བློ་མཐུན་ཞི་ཀྲུང་ཞུན་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང་བློ་མཐུན་ཏེང་ཡིང་ཁྲོའོ་བཅས་ཚོགས་འདུར་ཡོད་པ།

པཎ་ཆེན་རིན་པོ་ཆེས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་གནང་བས་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཞིག་ཏུ་གྱུར་པ་དེ་ནི་ཁོང་གིས་རང་རེའི་མི་རིགས་ཀྱི་ལས་དབང་དང་མདུན་ལམ་ལ་དགོངས་བཞེད་ཟབ་མོ་གནང་བ་ལས་བྱུང་བ་དང་། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལ་ཉམས་བཞེད་གཏིང་ཟབ་དང་། ལོ་རྒྱུས་དང་ད་ཡོད་ལ་ཞིབ་འཇུག་གཏིང་ཟབ་གནང་བ་བཅས་ལས་བྱུང་བ་ཞིག་རེད། 1982ལོར་བོད་ལྗོངས་སུ་བསྡུས་པའི་ལྷ་སའི་ལས་བྱེད་པའི་ཚོགས་འདུའི་སྟེང་། པཎ་ཆེན་རིན་པོ་ཆེས་སྙན་སྒྲོན་རིང་པོ་ཞིག་གསུངས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་ལྗོངས་དང་མེས་རྒྱལ་བར་གྱི་འབྲེལ་བའི་ལོ་རྒྱུས་རྒྱས་བཤད་གནང་ཐོག་“བོད་ལྗོངས་འདི་ཉིད་རླབས་ཆེན་གྱི་མེས་རྒྱལ་དང་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་པ་ནི་དུས་ཡུན་རིང་པོར་ལོ་རྒྱུས་འཕེལ་རྒྱས་བྱུང་བའི་འབྲས་བུ་ཞིག་ཡིན་པ་དང་། འདི་ནི་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན། དངོས་ཡོད་ལ་མཚོན་ནས་བཤད་ན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་སུམ་ཅུའི་རིང་གི་གོང་འཕེལ་དང་ཡར་རྒྱས་བྱུང་བའི་གནས་ཚུལ་དེ་ལོ་རྒྱུས་སྟེང་གི་ལོ་ངོ་བརྒྱ་ཕྲག་ཁ་ཤས་སམ་ཡང་ན་ལོ་ངོ་སྟོང་ཕྲག་ལས་ཀྱང་བརྒལ་ཡོད་པ་ནི་ཁས་ལེན་མི་བྱེད་ཐབས་མེད་ཀྱི་དོན་དངོས་ཤིག་རེད། ལོ་རྒྱུས་དང་དངོས་ཡོད་ཀྱི་སྟེང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་མཛད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་འདིའི་ནང་ད་གཟོད་བོད་ལྗོངས་ལ་གཞི་ནས་འོད་སྟོང་འཕྲོ་བའི་མདུན་ལམ་ཡོད་པ་དང་། མི་རིགས་དར་རྒྱས་གོང་འཕེལ་འགྲོ་ཐུབ་པ་དང་བོད་མི་དམངས་ཚོས་མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་དང་རྒྱ་བོད་མི་རིགས་དབར་དང་དེ་བཞིན་མེས་རྒྱལ་གྱི་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བཞུད་ཚེ་གཞི་ནས་དངོས་འབྲེལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྱུང་འགྱུར་ལྡན་ཐུབ་པའི་”སྡོམ་ཚིག་བཀོད་ཅིང་། “ང་ཚོས་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ལ་དགའ་ཞེན་བྱ་རྒྱུ་ནི་གཅིག་གྱུར་ཞིག་ཡིན་པ་ལས་དེ་གཉིས་ཁ་བྲལ་རྒྱུ་མེད་ལ། ཁ་གཏད་དུ་དེ་བས་འཇོག་རྒྱུ་མེད་པ་ལོ་རྒྱུས་ཀྱི་བསླབ་བྱ་ལས་ཤེས་ཐུབ། ད་ལྟ་མི་ལ་ལས་ལོ་རྒྱུས་ཐོག་ལུས་པའི་མི་རིགས་འགལ་བའི་གནད་དོན་ལྷག་འཕྲོ་དེ་རིགས་བེད་སྤྱད་དེ། མི་རིགས་ལ་ཁ་གཡར་ནས་མེས་རྒྱལ་ལ་དགའ་ཞེན་བྱ་རྒྱུ་ཁས་མི་ལེན་པ་དང་མི་རིགས་ཀྱི་དར་ཆ་བསྒྲེངས་ནས་མེས་རྒྱལ་ལ་ངོ་རྒོལ་བྱ་རྒྱུའི་རེ་ངན་འཆང་མཁན་དེ་རིགས་ལ་དོགས་ཟོན་མཐོན་པོ་བྱེད་དགོས་པ་མ་ཟད། ཁོ་པ་ཚོའི་མི་རིགས་ལ་དགའ་ཞེན་ཟེར་བའི་གཡོ་ཟོལ་གྱི་རང་བཞིན་དེ་དུས་ཐོག་ཏུ་ཐེར་འདོན་བྱ་དགོས་”ཞེས་གསུངས་པ་དང་། པཎ་ཆེན་རིན་པོ་ཆེས་ད་དུང་“མི་རིགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་དབར་གཅིག་གྱུར་རང་བཞིན་ལྡན་པ་དེ་མཐའ་འཁྱོངས་བྱེད་དགོས་པ་དང་། མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ལ་དགའ་ཞེན་བྱེད་པའི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་ནི་ཡང་དག་པའི་ལངས་ཕྱོགས་འབའ་ཞིག་ཡིན་ལ། དེ་ལྟར་བྱས་ཚེ་ད་གཟོད་གཞི་ནས་ཁ་གསལ་དྲང་བདེན་དང་སྒེར་སེམས་མེད་ལ་ཞུམ་པ་མེད་པའི་མི་དམངས་ལ་ཕན་ཐོགས་མཁན་ཞིག་ཏུ་འགྱུར་ཐུབ་”ཅེས་གསུངས་པ་དང་། ཆོས་ལུགས་ཐད་པཎ་ཆེན་རིན་པོ་ཆེས་དགེ་ལུགས་པའི་སྲོལ་འབྱེད་པ་རྗེ་ཙོང་ཁ་པ་ཆེན་པོའི་སྲོལ་རྒྱུན་རྒྱུན་འཛིན་གནང་ནས་བསྒྱུར་བཅོས་མཐའ་འཁྱོངས་དང་། སྐྱོན་སྤང་དགེ་སྒྲུབ་ཀྱིས་མི་དམངས་ཀྱི་ཁེ་ཕན་ལ་ཕན་ཐོགས་ཡོང་བར་དགོངས་བཞེས་ཀྱིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀར་འཚམ་པའི་ཉམས་མྱོང་འཚོལ་ཞིབ་གནང་ཐོགནང་པའི་ཆོས་ལུགས་ཀྱི་རྒྱལ་ཁམས་བདེ་ཞིང་འགྲོ་ཀུན་བདེ་བར་འགོད་རྒྱུའི་དགོངས་དོན་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ཟུང་འབྲེལ་གནང་བ་དང་། “སེམས་ཅན་ཐམས་ཅད་འཚང་རྒྱ་བ་”དང་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དགོངས་དོན་མཐུན་སྦྱོར་གནང་སྟེ་དད་ལྡན་པ་ཚོར་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་བྱས་ནས། ཅན་བཞི་འཛུགས་སྐྲུན་དང་ཀྲུང་ཧྭ་དར་རྒྱས་ཡོང་ཕྱིར་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་པའི་སྐུལ་ལྕག་གནང་།

བློ་མཐུན་ཞི་ཀྲུང་ཞུན་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་གཉིས་མི་རིགས་རིག་གནས་ཕྲོ་བྲང་དུ་སྤེལ་བའི་བྱེད་སྒོར་ཡོད་པ།

ལོ་ཤས་རིང་གི་འབྲེལ་འདྲིས་ཁྲོད། ངའི་སྙིང་ཉེ་བའི་གྲོགས་པོ་རྙིང་པ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཁོ་རང་སྔར་བས་བསམ་ཤེས་ཆགས་བཞིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ན་ནིང་ཁོང་ཉིད་དགུང་ལོ་50སོན་པར་རྟེན་འབྲེལ་ཞུས་སྐབས། ང་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་གིས་མེས་རྒྱལ་དང་མི་རིགས་ལ་མུ་མཐུད་དུ་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་པར་སྨོན་ལམ་བརྒྱབ་པ་ཡིན། བློ་མཐུན་ཏེང་ཞའོ་ཕིང་གིས་ཁོང་ལ་ “ཁྱོད་ལ་རང་རྐྱ་འཕེར་བའི་བསམ་བློ་ལྡན་པ་མ་ཟད། ད་དུང་དབྱེ་ཞིབ་དང་འཇོན་ཐང་ལྡན་པས་ཁྱོད་ཀྱིས་ད་དུང་མེས་རྒྱལ་ལ་ལེགས་སྐྱེས་མང་ཙམ་ཕུལ་བའི་རེ་བ་ཡོད”ཅེས་གསུངས་པ་བཞིན་ཡིན་ནའང་པཎ་ཆེན་རིན་པོ་ཆེའི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཟིན་པས་གྱོང་གུད་འདི་དངོས་གནས་གསབ་དཀའ་བར་གྱུར་ཏོ། །

ང་ཚོས་རིན་པོ་ཆེ་མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམས་པར་སྐྱོ་གདུང་དང་ཡང་སྲིད་མྱུར་འབྱོན་ཡོང་བར་སྨོན་འདུན་ཞུ་བཞིན། པཎ་ཆེན་རིན་པོ་ཆེས་གནང་རྒྱུར་ལུས་པའི་ཕྱག་ལས་ལེགས་འགྲུབ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། མཐུན་སྒྲིལ་དང་འབྱོར་ཕྱུགཤེས་རིག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན། མི་རིགས་ཁག་ཐུན་མོང་ཐོག་ཕུན་ཚོགས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་པ་འཇོག་དགོས།

ང་ཚོ་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་པཎ་ཆེན་རིན་པོ་ཆེ་མཆོག་ནམ་ཡང་ནུབ་པ་མེད་པར་གྱུར་ཅིག

(1989ལོའི་ཟླ་2པའི་ཚེས་20ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར་》དུ་བཀོད། )

བྱམས་པས་བསྒྱུར།