མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་ལ་འཕོ་འགྱུར་ཆེན་པོ་བྱུང་།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་འཆར་གཞི་ལག་བསྟར་དངོས་འབེབས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་ལུགས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་དགོས་ཞེས་ཆེད་དུ་གླེང་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་མི་དམངས་སྨན་ཁང་ནས་ཐོན་པའི་འཐུས་མི་ཝང་ཞའོ་ཧྭ་ཡིས་ནང་དོན་དེར་དམིགས་ནས་གསར་འགོད་པར་བཤད་རྒྱུར།

ང་ནི་རྨ་ལྷོ་སོག་རྫོང་ནས་ཐོན་པའི་འཕྲོད་བསྟེན་མ་ལག་གི་འཐུས་མི་ཞིག་ཡིན། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་སོང་། སྲིད་གཞུང་བྱ་བའི་སྙན་ཞུ་ལས་སྨན་བཅོས་འཕྲོད་བསྟེན་སྐོར་གྱི་བསམ་འཆར་མང་པོ་བཏོན་འདུག རང་ཉིད་གསོ་བཅོས་ལག་ལེན་པ་ཞིག་ཡིན་པའི་ཆ་ནས། གཞི་རིམ་སྨན་ཁང་གི་འཛུགས་སྐྲུན་དང་སྨན་བཅོས་སྒྲིག་ཆས། སྨན་པའི་ཆུ་ཚད། སྨན་ཁང་གི་དོ་དམ་ནུས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་མཐོར་འདེགས་བྱུང་བར་ཆ་རྒྱུས་གསལ་བོ་ཡོད། ལྷག་པར་དུ་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཆ་རྐྱེན་ཞན་སྟབས། ནད་སྟོན་དཀའ་བ་དང་ཡང་ན་སྨན་ཁང་ཆེ་གྲས་སུ་སོང་ནས་ནད་བཅོས་བྱེད་པ་སོགས་ཀྱི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་ཡོད། རང་ཉིད་འཐུས་མི་ཞིག་ཡིན་པའི་ངོས་ནས། ཕྱིར་ཕ་ཡུལ་དུ་ལོག་ན་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་དང་། རང་ཉིད་ནས་འགོ་བརྩམས་ཏེ་ མིག་དཔེ་གཞན་སྟོན་གྱི་ཚུལ་གྱིས་བྱས་རྗེས་གང་ལེགས་འཇོག་རྒྱུ་ཡིན་ཟེར།