སྐུ་འབུམ་དགོན་པ་ནས་འོང་བའི་འཐུས་མི་ཞིག་གི་སེམས་གཏམ།


མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལ་ལེགས་བཅོས་གཏོང་བའི་ལས་སྒོ་ཁྱོན་ཡོངས་ནས་སྤེལ་དགོས་ཞེས་ཆེད་དུ་བཏོན་ཡོད། བླང་བྱ་དེར་དམིགས་ནས། གསར་འགོད་པས་སྐུ་འབུམ་དགོན་པ་ནས་ཐོན་པའི་དམངས་ཆེན་འཐུས་མི། ཨ་ལགས་རྭ་ཁོ་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར།

དེ་རིང་འདི་ནས་འཐུས་མི་ཚོགས་ཏེ་ཧྲིན་ཀྲང་གིས་ཕུལ་བའི་སྙན་ཞུར་ཉན་པ་ལས་རང་ཉིད་ལ་གོ་བ་ག་འདྲ་སྐྱེས་སོང་ཟེར་ན། ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་བླངས་ཡོད། རྗེས་ཕྱོགས་ནས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་ལ་བདག་སྐྱོང་ཡག་པོ་བྱེད་རྒྱུ་དེ་ང་རང་གི་རེ་བའང་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། ང་རང་ཉིད་སྐུ་འབུམ་དགོན་པའི་འཐུས་མི་ཞིག་རེད། དེ་ཡིན་ན་སྐུ་འབུམ་དགོན་པའི་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་རྒྱག་རྒྱུ་ནི་ང་རང་གི་རེ་བ་ཡིན། ད་ཐེངས་ཀྱི་གྲོས་གཞི་འདོན་སྐབས་ཀྱང་ངས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ནས་གྲོས་གཞི་འདོན་རྒྱུ་ཡིན། དེ་རིང་ཧྲིན་ཀྲང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དྲང་བདེན་དྲང་གཞག་རེད། ཧྲིན་ཀྲང་གི་སྙན་ཞུའི་ནང་དོན་ལྟར་ལས་དོན་ཐམས་ཅད་ལེགས་འགྲུབ་འབྱུང་རྒྱུ་ང་རང་གི་རེ་བ་ཡིན།