ཡུལ་ཤུལ་ནས་ཐོན་པའི་དམངས་ཆེན་འཐུས་མི་ཞིག་གི་སེམས་འདུན།


རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ནི། མཚོ་སྔོན་ཙམ་མ་ཟད་རྒྱལ་ཡོངས་ལ་མཚོན་ནས་བཤད་ནའང་ལས་སྒོ་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཅི་དགར་གཏོར་གྱིན་ཡོད་པར་མ་ཟད། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་ཞིང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པའི་བླང་བྱ་བཏོན་དང་འདོན་བཞིན་ཡོད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་དུའང་། སྐྱེ་ཁམས་ཀྱི་གལ་ཆེན་རང་བཞིན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་དཔག་རང་བཞིན། སྐྱེ་ཁམས་བཅོས་སྐྱོང་གི་སྣེ་ཁྲིད་རང་བཞིན་བཅས་འབུར་དུ་ཐོན་པར་བྱེད་དགོས་ཞེས་ཆེད་དུ་གདམས་ཡོད། གནས་ཚུལ་དེར་དམིགས་ནས། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཐོན་པའི་དམངས་ཆེན་འཐུས་མི་པདྨ་ཆོས་སྐྱིད་ལ་བཅར་འདྲི་བྱས་པ་ན། ཁོ་མོས་བཤད་རྒྱུར།

དེ་རིང་ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་ང་རང་ཆེས་དགའ་ས་ནི། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཁྲོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་སྐུལ་བ་དེ་ཡིན། ང་རང་ཡུལ་ཤུལ་ནས་ཐོན་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས། ཡུལ་ཤུལ་མི་དམངས་ཀྱིས་དུས་རྟག་པར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་འགངས་ཆེ་ཤོས་སུ་བརྩིས་ཡོད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་སྒོ་འདི་ལ་ཧྲིན་ཀྲང་གིས་ཀྱང་དེ་བསྟུན་གྱི་བླང་བྱ་གསལ་བོ་བཏོན། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཚང་མ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་འདིའི་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་ཏེ། རང་གི་མིག་འབྲས་བཞིན་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་ནས། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ལས་རིམ་འདིའི་ཁྲོད་དུ་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ནུས་པ་ཆེན་པོ་འདོན་ཐུབ། སྡེ་བ་རིམ་པ་དང་གཞིས་ཁུལ་རིམ་པ། རྫོང་རིམ་པ། ཁུལ་རིམ་པ་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པའི་ཁྲོད་ནུས་པ་ཅི་ཡོད་འདོན་པ་དང་བྱས་རྗེས་གང་ལེགས་འཇོག་དགོས། ཕྱིར་ཕ་ཡུལ་ལ་ལོག་རྗེས། རོང་འབྲོག་ས་ཁུལ་བུད་མེད་ཀྱི་བདེ་ཐང་སློབ་གསོ་དང་འཕྲོད་བསྟེན་སློབ་གསོ། ཁྱིམ་ཚང་སློབ་གསོ་སོགས་ཀྱི་ཐད་ཤུགས་རྒྱག་རྒྱུ་ཡིན་ཟེར།