བོད་ཀྱི་དབྱངས་རྩོམ་པ་པོ་བཀྲ་ཤིས་རྡོ་རྗེའི་དམངས་འཐུས་ཚོགས་ཆེན་ལས་འཕྲོས་པའི་གཏམ།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། རིག་གནས་ཀྱི་ནང་སྙིང་ལ་རྒྱུས་ལོན་བྱེད་པ་དང་། རིག་གནས་ཀྱི་སྲོག་རྩ་ལ་དམ་པོར་འཇུས་ནས། སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་ཁྱོན་ཡོངས་ནས་མངོན་ཅི་ཐུབ་དང་། སྲོལ་རྒྱུན་རིག་གནས་སྣ་སྒོ་མོ་ནས་དར་སྤེལ་གང་ལེགས་གཏོང་དགོས་ཞེས་ཆེད་དུ་གདམས་ཡོད། བླང་བྱ་དེར་དམིགས་ནས་གསར་འགོད་པས་དམངས་ཆེན་གྱི་ཟུར་ཞུགས་འཐུས་མི། བོད་ཀྱི་དབྱངས་རྩོམ་པ་པོ་བཀྲ་ཤིས་རྡོ་རྗེ་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར།

སྔ་དྲོར་ཧྲིན་ཀྲང་གིས་ཕུལ་བའི་སྙན་ཞུར་ཉན་ན། སྔར་ལོའི་བྱ་བར་སྤྱི་སྡོམ་དང་ད་ལོའི་བྱ་བར་བཀོད་སྒྲིག་བྱས་པ་ལེགས་པོ་རེད། ང་རང་རོལ་དབྱངས་ཀྱི་ལས་ཀ་གཉེར་མཁན་ཞིག་ཡིན་པའི་ཆ་ནས། རང་རེའི་གཞོན་སྐྱེས་གླུ་བ་གླུ་མ་ཚོར་མྱོང་བ་ཙམ་བཤད་ན། གླུ་ཡག་པོ་ཞིག་ལེན་དགོས་ན། ཐོག་མར་རང་གི་ཕ་ཡུལ་དང་ཕ་མ། མི་རིགས་བཅས་ལ་བརྩེ་བ་ཟབ་མོ་ཞིག་དང་ནང་རྒྱུས་ཡག་པོ་ཞིག་མེད་ཚེ། མི་སེམས་རྨང་ནས་སྒུལ་བྱེད་ཀྱི་གླུ་གཞས་ཡག་པོ་ལེན་མི་ཐུབ་པ་མྱོང་བས་གྲུབ། དེང་གི་གཞོན་སྐྱེས་གླུ་བ་གླུ་མ་མང་དག་ཅིག་ལ་མཚོན་ནས་བཤད་ན། བོད་རང་གི་རིག་གནས་དང་ལོ་རྒྱུས་ལ་འདྲིས་ཆ་ཆེན་པོ་མེད་ཁར། ད་དུང་དེང་རབས་རོལ་མོའི་དབྱངས་རྟ་དང་ལེན་སྟངས་སོགས་ཇི་བཞིན་ཚུར་ལེན་བྱེད་བཞིན་ཡོད། ཐོག་མའི་ཆ་ལ་དེ་ལྟར་སློབ་སྦྱོང་བྱས་ན་ཆོག་མོད། མི་རིགས་ཀྱི་རོལ་དབྱངས་སྒྱུ་རྩལ་པ་ཞིག་ཡིན་ན། ངེས་པར་དུ་མི་རིགས་རང་གི་ཁྱད་ཆོས་མངོན་ཐུབ་དགོས། གཞོན་སྐྱེས་གླུ་གཞས་སྒྱུ་རྩལ་ལ་འཇུག་མཁན་མང་ཆེ་བར་མདོ་དབུས་ཁམས་གསུམ་གྱི་རོལ་དབྱངས་དང་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་ཆེན་པོ་མེད་པ་དང་། རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཅིའི་ཐད་ལ་བསམ་གཞིགས་ལེགས་པོ་མ་བཏང་ན། མི་རིགས་རང་གི་རོལ་དབྱངས་ཀྱི་ཁྱད་ཆོས་འཛིན་མི་ཐུབ། དེ་བས། རོལ་མོའི་སྒྱུ་རྩལ་ལ་འཇུག་མཁན་སུ་ཞིག་ཡིན་རུང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་རིག་གནས་ཀྱི་རྐང་ལེན་རྒྱུ་ནི་གལ་ཆེན་པོ་རེད་ཟེར།