མཚོ་ནུབ་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་22 ཉིན་ལ། མཚོ་ནུབ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གཏེར་ལེན་ཁ་གྲོང་ཁྱེར་ནས་ འཚོགས་ཤིང་། ཚོགས་འདུའི་ཐོག2018 ལོའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཕྱི་དྲན་དང་ཕྱོགས་བསྡོམས་བྱས་ནས། 2019 ལོའི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་ལས་ཀ་བཀོད་སྒྲིག་བྱས་པ་རེད། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། ཁུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་་ཀྲུའུ་རེན་མོང་ཧའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད།

ཚོགས་འདུ་ཡིས་བསྟན་དོན།2018ལོར། ཁུལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། “ ཚེ་སྲོག་ལ་གཅེས་པ་དང་བདེ་འཇགས་འཕེལ་རྒྱས” ཀྱི་འདུ་ཤེས་བརྟན་པོར་བཏང་སྟེ།

མཚོ་ནུབ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་ཆོས་ཉིད་རྒྱུས་ལོན་གང་ལེགས་དང་། རི་མཐོ་ལ་ལམ་ཐག་རིང་བ་དང་། ཁོར་ཡུག་ཞན་པ། ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་དངོས་ལ་སེལ་ནས། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ།ལྟ་སྐུལ་ཞིབ་བཤེར་དང་ལས་རིགས་ཡུལ་ཁོངས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། གསར་གཏོད་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་བྱེད་ཐབས་སྤྱད་ནས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྤྱིའི་རྣམ་པ་རྒྱུན་མཐུད་གཏན་འཇགས་ངང་འཕེལ་བར་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་ལེགས་པོ་ཞིག་དང་རྒྱབ་རྟེན་གལ་ཆེན་ཞིག་འདོན་སྤྲོད་བྱས།

ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་་ཀྱི་ལས་དོན་ཁྲོད་ཡང་དག་པའི་ཆབ་སྲིད་ཀྱི་ཚུགས་གནས་མངོན་རྒྱུར་ཤུགས་སྣོན་བྱེད་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་བྱ་བའི་སྤྱི་ཡོངས་འདུ་ཤེས་ལ་ཤུགས་སྣོན་བྱེད་པ། དུས་རབས་གསར་བ་དང་དུས་སྐབས་གསར་བའི་བདེ་འཇགས་ཐོན་སྐྱེད་བྱ་བར་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ལ་མི་འཛེམ་པ་དང་འབད་འབུངས་ཧུར་བརྩོན་བྱེད་པའི་བསམ་པ་གཙིགས་འཛིན་བྱས་ནས་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བྱས་རྗེས་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཁུལ་དཔོན་གཞོན་པ་མ་ཞིན་ཚོགས་འདུར་ཞུགས་ཡོད།

ལོ་ཙཱ་བ། གཡང་སྐྱིད།