མཚོ་སྔོན་གྱིས་སློབ་ཕྱིའི་ཟབ་སྦྱོང་འཛིན་གྲྭར་བླང་བྱ་གསར་པ་བཏོན་པ།

ཀྲུང་གོའི་གསར་འགྱུར་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་གོང་སྤེལ་ཚད་ལྡན་དུ་གཏོང་བའི་ལག་བསྟར་བསམ་འཆར་པར་འགྲེམས་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཕྱིའི་ཁུར་པོ་ཇེ་ཡང་དུ་གཏང་བར་བླང་བྱ་གསར་བ་ཞིག་བཏོན་ཡོད་པ་རེད། བླང་བྱའི་ནང་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱི་ཟབ་སྦྱོང་དུས་ཚོད་དེ་ས་གནས་དེ་གའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་དང་དུས་མཉམ་ཡིན་མི་ཆོག་པ་དང་། ཟབ་སྦྱོང་གྲོལ་བའི་དུས་ཚོད་ཆུ་ཚོད20:30ལས་འཕྱི་མི་རུང་བ་མ་ཟད། ལས་བྱ་བཀོད་སྒྲིག་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་ཚན་རིགས་ཀྱི་རྒྱུགས་ལེན་དང་འགྲན་སྡུར་སྤེལ་ནས་ཨང་རིམ་བསྒྲིགས་མི་ཆོག་པ་བཅས་གཏན་ལ་ཕབ།

ལག་བསྟར་བསམ་འཆར་ནང་དུ། 2019ལོའི་ཟླ་དང་པོའི་ཟླ་མཇུག་གི་སྔོན་ལ། སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱི་སློབ་གཉེར་ཚུལ་ལྡན་ཡིན་མིན་ལ་ཕྱོགས་བསྡུས་ཐོག་དག་ཐེར་ལེགས་པོ་བྱས་པར་བརྟེན་མི་མངོན་ཉེན་ཁ་ཡོད་ལ། དཔང་ཡིག་མི་ཚང་བ། ཆེད་དམིགས་རྒྱུགས་ལེན། ཟབ་སྦྱོང་འབྲས་བུ་སོགས་སློབ་བསྡུ་སློབ་ཞུགས་དང་འབྲེལ་ཞིང་། རྨང་གཞི་སློབ་གསོ་མིན་པ། དགེ་རྒན་གྱིས་སློབ་ཐུན་སྐབས་སློབ་ཁྲིད་མི་བྱེད་པར་སློབ་ཕྱིར་ཟབ་ཁྲིད་བྱེད་པ་ལ་སོགས་ཀྱི་གནད་དོན་བཀག་འགོག་བྱ་དགོས་པ་དང་། 2019ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ། སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱི་ཚད་ལྡན་སློབ་གཉེར་ལ་བཅོས་སྐྱོང་ལེགས་པོ་བྱས་ནས་འགན་དབང་གསལ་བོ་ཡིན་ལ། བཅོས་སྐྱོང་གནད་ལ་ཁེལ་བ། སློབ་གཉེར་ཚད་དང་ལྡན་པ། སྡེ་ཚན་མཉམ་འབྲེལ་བཅས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱི་ལྟ་སྐུལ་ལམ་ལུགས་གཞི་རྩའི་ཐོག་གཟུག་དགོས་པ།2020ལོར་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་འཕེལ་རྒྱས་གོ་རིམ་ཡོད་ལ་ཚད་དང་ལྡན་པའི་ཕུགས་ཕན་གྱི་ནང་རྐྱེན་ལམ་ལུགས་སྒོ་ཀུན་ནས་བཙུགས་ཏེ་སློབ་གྲྭ་ཕྱི་ནང་གཉིས་ནས་མཉམ་འབྲེལ་ཐོག་འཇོན་མི་སྐྱེད་སྲིང་བྱེད་པའི་རྣམ་པ་བཟང་བོ་ཆགས་སུ་འཇུག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

《 ལག་བསྟར་བསམ་འཆར》ནང་ད་དུང་། སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ལ་ངེས་པར་དུ་བདེ་འཇགས་ཀྱི་ཆ་རྐྱེན་ཚང་བའི་གཏན་འཇགས་ཀྱི་གནས་ཤིག་དགོས་པ་དང་། ཟབ་སྦྱོང་གི་དུས་མཉམ་ནང་དུ་ཆ་སྙོམས་སྨི་གྲུ་བཞི་མ་གསུམ་རེ་ནང་སློབ་མ་གཅིག་རེ་ཤོང་བ་བྱས་ནས་འཚང་ཁ་མེད་པ་བྱ་དགོས་པ། ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མེ་ཟོན་དང་། ཁོར་སྲུང་། འཕྲོད་བསྟེན། བཟའ་ཆས་གཉེར་སྐྱོང་སོགས་ཀྱི་དོ་དམ་གཏན་འབེབས་ཀྱི་བླང་བྱ་དང་མཐུན་དགོས་པ། ཟབ་ཞུགས་སློབ་མས་མི་ལུས་བདེ་འཇགས་ཀྱི་ཉེན་འགོག་འགན་བཅོལ་ཉོ་སྒྲུབ་སོགས་དགོས་ངེས་ཀྱི་ཆ་རྐྱེན་སྒྲུབ་ནས་བདེ་འཇགས་དོན་རྐྱེན་སེལ་རོགས་དང་ཉེན་ཁ་སྔོན་འགོག་བཅས་དགོས་པ། དགེ་རྒན་དཔུང་སྡེའི་ཕྱོགས་ནས་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ལ་ངེས་པར་དུ་གཏན་འཇགས་ཀྱི་དགེ་བཟོ་དཔུང་སྡེ་ཡོད་དགོས་པ་ལས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གདན་ཞུས་མི་ཆོག་པ། ཐོག་མ་ནས་ཟབ་སྦྱོང་ལས་ཀ་གཉེར་མཁན་གདན་ཞུས་རྗེས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ནན་སྲུང་དང་། སློབ་གསོའི་བྱ་གཞག་ལ་དགའ་ཞེན་ཡོད་པ་བཅས་བསམ་བློའི་ཀུན་སྤྱོད་ཡག་པོ་དང་དེ་བསྟུན་གྱི་ཟབ་སྦྱོང་ནུས་པ་ཡོད་དགོས་པ། སྐད་ཡིག་དང་། གྲངས་རིག དབྱིན་ཡིག དངོས་ལུགས། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ་སོགས་རིག་ཚན་སྐོར་གྱི་ཤེས་བྱའི་ཟབ་སྦྱོང་གི་དགེ་རྒན་ལ་དེ་བསྟུན་གྱི་དགེ་རྒན་ཐོབ་ཐང་དགོས་པ། ཟབ་སྦྱོང་ལས་ཁུངས་ཀྱིས་གདན་ཞུས་དགེ་རྒན་དབར་གདན་ཞུས་གན་རྒྱ་དང་ངལ་རྩོལ་གན་རྒྱ། ངལ་རྩོལ་གྲོས་ཆིངས་སོགས་འཇོག་དགོས་པ། རྒྱལ་ཕྱིའི་དགེ་རྒན་གདན་ཞུ་དགོས་ན་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ། དོ་དམ་ཆ་རྐྱེན་ཕྱོགས་ནས་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ལ་ངེས་པར་དུ་ཚད་ལྡན་གྱི་སྒྲིག་ཡིག་དང་དེ་བསྟུན་གྱི་དོ་དམ་ལམ་ལུགས་ཡོད་དགོས་པ། ཟབ་སྦྱོང་གི་དམིགས་འབེན་དང་། ལས་སྒོའི་ཁྱབ་ཁོངས། གྲོས་དོན་ཇུས་ཆོད་ལམ་ལུགས། མ་དངུལ་དོ་དམ། འགན་སྲུང་ཆ་རྐྱེན། ཞབས་ཞུ་འགན་ལེན་སོགས་གཏན་འབེབ་གསལ་པོ་དགོས་པ་བཅས་ཀྱི་བླང་བྱ་ཡང་བཏོན།

《 ལག་བསྟར་བསམ་འཆར》ནང་ཟབ་སྦྱོང་གི་ནང་དོན་ཚད་ལྡན་དུ་གཏང་དགོས་པའི་བླང་བྱ་བཏོན་ཞིང་། དེ་ནི་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱིས་སྐད་ཡིག་དང་གྲངས་རིག དབྱིན་སྐད། དངོས་ལུགས། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ་སོགས་རིག་ཚན་གྱི་ཤེས་བྱའི་ཟབ་སྦྱོང་གི་ནང་དོན་དང་། འཛིན་གྲྭ་སྤེལ་ཐེངས། སློབ་བསྡུ་བྱ་ཡུལ། ཁྲིད་ཕྱོད། སློབ་ཁྲིད་ཀྱི་དུས་ཚོད་སོགས་སློབ་ཁྲིད་ཀྱི་མགོ་མ་ཚུགས་པའི་གཟའ་འཁོར་གཅིག་གི་སྔོན་ལ་ཡུལ་དེའི་སློབ་གསོ་སྡེ་ཚན་ལ་གནས་ཚུལ་ཞུ་དགོས་པ་དང་ཆབས་ཅིག སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱ་དགོས་པ། ཟབ་སྦྱོང་གི་ནང་དོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སློབ་ཁྲིད་ཀྱི་ཚད་གཞི་ལས་བརྒལ་མི་རུང་བ་དང་། ཟབ་སྦྱོང་འཛིན་གྲྭ་གཉེར་ཐེངས་ངེས་པར་དུ་སློབ་བསྡུ་བྱ་ཡུལ་གྱི་ལོ་རིམ་དང་ཆ་མཉམ་དགོས་པ། ཟབ་སྦྱོང་གི་མྱུར་ཚད་དེ་ཟབ་སྦྱོང་ལས་ཁུངས་ཡོད་སའི་རྫོང་མངའ་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་མྱུར་ཚད་དང་མཉམ་དགོས་པ། ཟབ་སྦྱོང་གི་དུས་ཚོད་ཀྱང་ཡུལ་དེའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཀྱི་དུས་ཚོད་དང་མཉམ་མི་རུང་བ། ཟབ་སྦྱོང་གྲོལ་བའི་དུས་ཚོད་དགོང་མོའི་ཆུ་ཚོད20:30ལས་འཕྱི་མི་རུང་བ་མ་ཟད། ལས་བྱ་བཀོད་སྒྲིག་རྒྱག་མི་རུང་། ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་གི་རིག་ཚན་རིགས་ཀྱི་རྒྱུགས་ལེན་དང་འགྲན་སྡུར་སོགས་སྤེལ་ནས་ཨང་རིམ་བསྒྲིག་མི་ཆོག་པ་བཅས་རེད།

ཁོན་ཐར་འཚོས་བསྒྱུར།