མང་རྫོང་གི་མི་གཉིས་ཀྱིས་དུག་ལྡན་གནོད་འཚེ་ཅན་གྱི་ཟས་རིགས་ཕྱིར་འཚོང་བྱས་པས་ཁྲིམས་ཆད་ཕོག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་རྫོང་མི་དམངས་ཁྲིམས་ཁང་གིས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་གཞུང་གཏུག་བྱས་པའི་གྱོད་ཡ། མ་ག་གེ་མོ་མེ་དང་མ་ག་གེ་མོ་སུའུ་གཉིས་ཀྱིས་དུག་ལྡན་གནོད་འཚེ་ཅན་གྱི་ཟས་རིགས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་གྱོད་དོན་དེ་ཁྲིམས་ར་ནས་འདྲི་གཅོད་ཐག་གཅོད་ཁྱབ་བསྒྲགས་བྱས་ཤིང་། མ་ག་གེ་མོ་སུའུ་ལ་དུས་བཀག་བཙོན་འཇུག་ཟླ་བ8དང་སྒོར3000གི་ཆད་པ་བཅད། མ་གེ་མོ་མེ་ལ་དུས་བཀག་བཙོན་འཇུག་ཟླ་བ8དང་དུས་འགྱངས་ལོ1 སྒོར3000གི་ཆད་པ་བཅད།

2018ལོའི་ཟླ3ཚེས7ཉིན། མཚོ་ལྷོ་ཁུལ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་མང་རྫོང་གི་རྫོང་མཁར་དུ་མ་ག་གེ་མོ་མེ་དང་མ་ག་གེ་མོ་སུའུ་གཉིས་ཀྱིས་ཚོང་གཉེར་བྱེད་བཞིན་པའི་ནང་ཁྲོལ་ཉིང་བཅུད་ཟ་ཁང་དུ་ཕྱིར་འཚོང་བྱེད་པའི་བསྙལ་ཐུག་ལ་ཟས་རིགས་བདེ་འཇགས་ཐད་ཀྱི་མ་དཔེ་བླངས་ནས་ཞིབ་བཤེར་བྱས་པ་བརྒྱུད། བསྙལ་ཟས་དེའི་ནང་དུ་ཕུན་སྐྱུར་གྱི་འདུས་ཚད43.1mg/kgཡིན་པས་ཞིབ་བཤེར་མཇུག་འབྲས་ཚད་གཞིར་མི་སླེབས་པ་རེད། མང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མྱུར་དུ་བསྙལ་ཐུག་ལས་སྣོན་བྱེད་བཞིན་པའི་ཡུལ་དངོས་དེར་ཁྲིམས་ལྟར་ཞིབ་བཤེར་དང་གྱོད་དོན་ལ་འབྲེལ་བ་ཡོད་པའི་བྱ་དངོས་ཡོད་ཚད་བཀག་སྡོམ་བྱས་ཤིང་། དེར་མ་ཟད། བསྙལ་ཐུག་ནང་དུ་སྣོན་རྒྱུའི་སང་ཕྱེ་དཀར་པོའི་བྱ་དངོས་དེར་ཞིབ་བཤེར་ཚད་ལེན་བྱེད་དུས་ཞིབ་བཤེར་གྱི་མཇུག་འབྲས་ནི་ཆུའི་ནང་དུ་ཕུན་སྐྱུར་ནཱ་གཉིས་འདུས་ཚད་ནི11.20%ཡིན་པ་རེད།

གྱོད་ཡ་མ་ག་གེ་མོ་མེ་དང་མ་ག་གེ་མོ་གཉིས་ཀྱིས་དུག་ལྡན་གནོད་འཚེ་ཅན་གྱི་ཟས་རིགས་ཐོན་སྐྱེད་བྱས་པའི་གྱོད་དོན་དེ་ནི་དཔེར་མཚོན་རང་བཞིན་གྱི་ཟས་རིགས་བདེ་འཇགས་ལ་གནོད་འཚེ་བཟོ་བའི་གྱོད་དོན་ཞིག་ཡིན་ཞིང་། གྱོད་ཡ་གཉིས་ཀའི་བྱ་སྤྱོད་དེས་མཛད་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་པ་མ་ཟད། ད་རུང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་ཡང་གནོད་པ་བཟོས་ཡོད། དེ་མིན་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་ལ་ཡང་གནོད་འཚེ་བཏང་ཡོད། ཟས་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ནག་ཉེས་ཀྱི་གྱོད་དོན་འདི་སྒྲུབ་པ་བརྒྱུད་བཅའ་ཁྲིམས་ལེགས་པོ་དང་སྤྱི་ཚོགས་སྟེང་ཕན་འབྲས་ངེས་ཅན་ཐོན་ནས་ཟས་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་ཡང་འགེབས་སྲུང་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།