རང་ཞིང་གིས་ཁྲིམས་འགལ་སྒོས་འཚོང་བཞིན་པའི་ཤོག་སྦག་སྒམ4800ལྷག་རྩད་ཆོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐབས་བསྟུན་བདག་དོམ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཤོག་སྦག་གི་ཚོང་གཉེར་བྱ་བ་དེ་སྒྲིག་སྲོལ་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ལོ་སར་སྐབས་ཀྱི་ཤོག་སྦག་གི་ཚོང་གཉེར་བདེ་འཇགས་བྱ་བར་འགན་བཅོལ་བྱ་ཆེད། ཞིང་ཆེན་སྐབས་བསྟུན་བདག་དོམ་ཐིན་གྱིས་ཧུར་ཐག་གིས་དེར་འབྲེལ་གྱི་བཀོད་སྒྲིག་གང་ལེགས་བྱས་ཤིང་ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་སྣོན་བྱས། ད་ལྟའི་བར་ཁྲིམས་འགལ་སྒོས་ཤོག་སྦག་ཚོང་གཉེར་དང་སྐྱེལ་འདྲེན། ཤོག་སྦག་གསོག་ཉར་བྱས་པའི་ཁྲིམས་འགལ་བྱ་སྤྱོད་མི་འདྲ་བ80དང་ཁྲིམས་འགལ་སྒོས་ཚོང་གཉེར་བྱེད་བཞིན་པའི་ཤོག་སྦག་སྒམ4800ལྷག་རྩད་ཆོད་པ་རེད།

རིམ་པ་སོ་སོའི་བདེ་འཇགས་ལྟ་སྐུལ་བདག་དོམ་སྡེ་ཁག་གིས་ཤོག་སྦག་གི་ཚོང་གཉེར་བྱ་བ་འཁོར་རྒྱུག་ཧ་ཅང་ཆེ་བའི་དུས་སྐབས་འདིར་བདེ་འཇགས་ལྟ་སྐུལ་བདག་དོམ་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱས་ཤིང་། ས་གནས་སོ་སོའི་དོན་དངོས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། སྔ་མོ་ནས་ཇུས་འགོད་འཐེན་པ་དང་སྔ་མོ་ནས་བཀོད་སྒྲིག་བྱེད་པ་བཅས་ཀྱིས་འགན་འཁྲི་གཙོ་བོ་གནད་ལ་ཁེལ་བར་ཁག་ཐེག་བྱས། ས་གནས་སོ་སོའི་འོས་མཐུན་གྱི་འཆར་འགོད་བཀོད་སྒྲིག་དང་རང་གི་མངའ་ཁོངས་དེའི་ཤོག་སྦག་གི་ཕྱིར་འཚོང་ལྟེ་གནས་དེ་གཅིག་བསྡུས་ཀྱིས་དག་ཐེར་གང་ལེགས་སྒོས་སིལ་འཚོང་བྱེད་བཞིན་པའི་ཚོང་ཁང་མི་འདྲ་བ28ལྷག་གི་སྒོ་བརྒྱབ་པ་དང། ཚོང་ཁང17ལ་ལས་རིགས་མཚམས་འཇོག་ཏུ་བཅུག་ནས་དག་ཐེར་བྱས་ཤིང་། སིལ་ཚོང་གི་ཁྱབ་ཁོངས་དེ་ཚོང་ཁང444ལྷག་ལ་ཁེབས་འདུག ཟི་ལིང་གྲོང་ཁྱེར་གྱིས་ཤོག་སྦག་བཀད་པ་གཏན་འགོག་དང་ཤོག་སྦག་བཀད་མི་ཆོག་པའི་གཏན་འགོག་གི་བྱེད་ཐབས་བརྒྱུད། ཁྲིམས་འགལ་གྱི་དོན་དངོས་དེ་སྔར་ལས་དཀའ་ཁག་ཅན་ཏུ་བཏང་ཞིང་། ཁྲོམ་རའི་ལྟ་སྐུལ་བདག་དོམ་དང་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་གིས་ཕན་ཚུན་བར་ལ་འབྲེལ་འདྲིས་དང་མཉམ་ལས་བྱས་ཏེ། ལྟ་སྐུལ་མཉམ་ལས་དེ་ཡོངས་འགྲུབ་བྱས།

ད་ལྟའི་བར་ཁྲིམས་འགལ་སྒོས་ཤོག་སྦག་ཕྱིར་འཚོང་བྱེད་མཁན་ཁྱོན་བསྡོམས་མི་གྲངས110ལྷག་འཛིན་བཟུང་བྱས་ཤིང་། དེ་ནི་ལོ་སྔོན་མ་དང་བསྡུར་ན་ཁྲིམས་འགལ་བྱ་བ་ལས་མཁན་མི་གྲངས45ཡིས་ཇེ་མང་དུ་སོང་ཞིང་ལོ་སྔོན་མ་ལས་བརྒྱ་ཆའི128.5ཡིས་འཕར་ཡོད། ཁྲིམས་འགལ་གྱི་ཤོག་སྦག་གཞུང་བཞེས་བྱས་པའི་སྒམ་ཆུང་གི་ཁ་གྲངས་ནི2600ལྷག་ཡིན་ལ། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི118ཀྱིས་འཕར་ཡོད། ཁྲིམས་འགལ་སྒོས་འཛིན་བཟུང་བྱས་པའི་མི་གྲངས60འཕར་བ་དང་དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི120ཡིས་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་ཤོག་སྦག་ཚོང་གཉེར་བརྒྱུད་རིམ་དེ་སྔར་ལས་སྒྲིག་སྲོལ་ཅན་དུ་བཏང་ཞིང་ཁྲིམས་འགལ་སྒོས་ཤོག་སྦག་ཚོང་གཉེར་བྱེད་པའི་བྱ་སྤྱོད་ལ་ཡང་རྡུང་རྡེག་ངེས་ཅན་ཞིག་ཐེབས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།