ཞིང་ཆེན་ངོ་བཅར་ཞུ་གཏུག་ཅུའུ་ཡིས་ཞིང་པ་ཞོར་ལས་པ2488ཡི་ངལ་རྩོལ་གླ་དངུལ་ཁྲི6449བདའ་འདེད་བྱས་ཏེ་ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།

ཞིང་ཆེན་ངོ་བཅར་ཞུ་གཏུག་ཅུའུ་ཡིས་ལོ་གསར་རྙིང་གི་མགོ་མཇུག་འདིར་ཞིང་པ་ཞོར་ལས་པས་ངོ་བཅར་ཞུ་གཏུག་གིས་གླ་དངུལ་འདེད་པའི་གནད་དོན་ཅུང་མང་བ་ལ་དམིགས་ཏེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གཙིགས་སུ་བཟུང་ནས་ས་གནས་ཁག་དང་འབྲེལ་ཡོད་འགན་འཛིན་སྡེ་ཚན་བར་མཐུན་སྦྱོར་ཐོག ཞིང་པ་ཞོར་ལས་པའི་གླ་དངུལ་འདེད་པའི་ངོ་བཅར་ཞུ་གཏུག་ལ་དང་ལེན་ཡག་པོ་བྱས་ནས་གླ་དངུལ་ཆད་འགྱངས་ཀྱི་བྱ་སྤྱོད་ངན་པར་རྡུང་རྡེག་ཚ་ནན་བཏང་བར་གྲུབ་འབྲས་མངོན་གསལ་ཐོབ། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། སྣེ་ལེན་སྒེའུ་ཁུང་དུ་ཞིང་པའི་གླ་དངུལ་ཆད་འགྱངས་སྐོར་གྱི་ངོ་བཅར་ཞུ་གཏུག་གྱོད་ཡིག97དང་ལེན་བྱས་ཤིང་། དེ་ལས་གྱོད་དོན81ཐག་བཅད། ཐག་བཅད་ཚད83%ལ་སླེབས་ཤིང་། ཞིང་པ་ཞོར་ལས་པ2488ཡི་གླ་དངུལ་ཁྲི6449ལྷག་རྩ་ར་དོམ་འདེད་བྱས་པ་དང་ཆབས་ཅིག ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་ལ་ངལ་རྩོལ་གླ་དངུལ་མི་སྟེར་བའི་འབྲེལ་ཡོད་གྱོད་དོན་བདུན་བརྒྱུད་སྤྲོད་དགོས་པའི་བསམ་འཆར་ཡང་བཏོན།

རང་རེའི་ཞིང་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་མངའ་ཁོངས་ཀྱི་ལས་ཡུན་ཐུང་ལ་མང་ཤོས་ཁུལ་དང་རྫོང་དུ་ཡོད་པ་དང་།  དེའི་ཨར་ལས་ཁེ་ལས་མང་ཤོས་ཞིང་ཆེན་ཕྱིའི་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་ཡིན་པས། ལོ་རེའི་ཟླ་བཅུ་པའི་རྗེས་སུ་བཟོ་སྐྲུན་མང་པོ་ལས་མཚམས་བཞག་པ་དང་འབྲེལ་ཨར་ལས་ཁེ་ལས་མང་པོ་ཟི་ལིང་དུ་ལོག་ཡོང་གི་ཡོད་པ་རེད། དེ་དབང་གིས་ཨར་ལས་ཁེ་ལས་ལ་ལས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཞིང་པ་ཞོར་ལས་པར་དུས་ལྟར་གླ་དངུལ་མི་སྟེར་བར་ཆད་ལ་འཇོག་པ་དུས་རྒྱུན་དུ་བྱུང་བཞིན་ཡོད། ཚུལ་འདིར་གཞིགས་ནས་ཞིང་ཆེན་ངོ་བཅར་ཞུ་གཏུག་ཅུའུ་ཡིས་ན་ནིང་གི་ཟླ་བཅུ་གཅིག་པའི་ཟླ་མགོར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། གྲོང་ཁྱེར་དང་ཁུལ་ཁག་གི་འབྲེལ་ཡོད་ལས་ཁུངས་བཅས་ནས་མི་སྣ་རེ་སྒྲིག་འཛུགས་བྱས་ཏེ། ཞིང་ཆེན་མི་དམངས་མང་ཚོགས་ངོ་བཅར་ཞུ་གཏུག་སྣེ་ལེན་ཚོམས་ཆེན་དུ་བླངས་ཤིང་། ཆེད་དུ་ལས་སྒྲུབ་སྒེའུ་ཁུང་བཏོན་ནས་མཉམ་འབྲེལ་ཐོག་ངོ་བཅར་དང་ལེན་བྱས་ནས་གླ་དངུལ་ཆད་འགྱངས་སྐོར་གྱི་ངོ་བཅར་གྱོད་དོན་ཐད་ཀར་ཐག་གཅོད་བྱས། གླ་དངུལ་ཆད་འདེད་ཀྱི་ཆེད་དོན་ལས་རིམ་ནང་དུ། ངོ་བཅར་ཞུ་གཏུག་གི་ནང་དོན་ལ་ཐོག་མར་རྒྱུས་ལོན་བྱས་རྗེས། ཨར་ལས་ཕྱོགས་གཉིས་ཀྱི་རྒྱུ་ཆ་ཞིབ་ཀློག་མཐིག་རྟོགས་དང་། ཡུལ་དངོས་སུ་རྩད་འདྲི་དང་ཁ་པར་གྱི་ལམ་ནས་དོན་དངོས་ཞིབ་འདྲི་སོགས་བྱས་ནས་ཨར་ལས་ཁེ་ལས་ཀྱི་གླ་དངུལ་ཆད་འགྱངས་བྱེད་རྐྱེན་ཚང་མ་ཤེས་རྟོགས་ཁོང་དུ་ཆུད་པའི་མཐར། གླ་དངུལ་ཆད་འགྱངས་ཀྱི་གནད་དོན་ངོ་མ་ཡོད་ཚེ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། འཛུགས་སྐྲུན་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཁེ་ལས་འགན་འཁུར་བའམ་ལས་གཞིའི་འགན་འཁུར་བར་འཕྲལ་མར་ཁ་ཆད་གྲོས་མོལ་ཐོག་དུས་བཅད་ནང་དག་ཐེར་དགོས་པའི་བཀའ་ཕབ་པ་དང་། གླ་དངུལ་ཆད་འགྱངས་ཁ་ཆད་ལྟར་ཞིང་པ་ཞོར་ལས་པར་སྤྲད་ཡོད་མེད་ལ་རྗེས་འདེད་ལྟ་རྟོག་བྱས་ནས་ཞིང་པ་ཞོར་ལས་པའི་གླ་དངུལ་ཆ་ཚང་ལག་ཏུ་ཐོབ་པར་འགན་ལེན་བྱས་ཡོད་པ་རེད།

ཆ་འཕྲིན་མཉམ་སྤྱོད་དང་གྱོད་དོན་ཡོངས་བསྒྲགས། གྱོད་གཞི་བརྒྱུད་སྤྲོད་སོགས་མཐུན་སྦྱོར་མཉམ་འགུལ་གྱི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་སྟེ། སྲིད་ཁྲིམས་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་དམ་སྦྲེལ་བྱ་དགོས། འབྲེལ་ཡོད་འགན་འཛིན་སྡེ་ཚན་གྱིས་གླ་དངུལ་མི་སྟེར་བའི་གྱོད་དོན་རྩད་གཅོད་ལ་ཤུགས་བསྣན་ཏེ། ཁ་དན་ཤོར་བའི་ཁེ་ལས་ལ་ཞིང་ཆེན་འཛུགས་སྐྲུན་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་སྡེ་ཚན་གྱིས《མཚོ་སྔོན་ཞིང་ཆེན་བཟོ་བཀོད་ཁྲོམ་རའི་ཡིད་རྟོན་དོ་དམ་བྱེད་ཐབས》ལྟར་ཡིད་རྟོན་ཤོར་བའི་མིང་ཐོའི་ཁྲོད་གཡུགས་དགོས་པ་མ་ཟད། གླ་དངུལ་མི་སྟེར་བའི་ཁེ་ལས་དག་སྤྱི་བདེ་ལས་ཁུངས་ལ་སྤྲད་དེ་གླ་དངུལ་ཆད་འགྱངས་ཀྱི་བྱ་སྤྱོད་ངན་པར་རྡུང་རྡེག་ཚ་ནན་གཏོང་པའི་ཆབས་ཅིག གསར་འགྱུར་སྨྱན་བྱེད་བརྒྱུད་སྤྱི་ཚོགས་ལ་ཡོངས་བསྒྲགས་སྒོས་སྤྱི་ཚོགས་ལ་ཕན་པའི་ཁྲིམས་ལུགས་ཀྱི་ཟིལ་ཤུགས་བསྣན་དགོས། གླ་དངུལ་ཆད་གསབ་འགན་སྲུང་གི་ལས་སྒྲུབ་དུས་མཐིལ་རྟོགས་ནན་བཤེར་དང་། རེའུ་མིག་དོ་དམ། ལྟ་བཤེར་རྟོག་སྒྲུབ། ཉིན་ཧྲིལ་པོར་ལས་རེས་བཅས་བྱས་ནས་ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་གསབ་ཐད“ཟླ་རེའི་སྤྱི་སྡོམ”དང་“གཟའ་རེའི་སྤྱི་སྡོམ”ལ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཆད་འགྱང་གི་གནད་དོན་དང་ངོ་བཅར་གྱི་གནས་ཚུལ་བྱུང་ཚེ་ལམ་སེང་ལན་སྤྲད་དེ། སྔ་མོ་ནས་གྱོད་དོན་རྩད་ཞིབ་དང་འཕྲལ་མར་ཐག་གཅོད་ཐུབ་དགོས་པ་དང་མཉམ་དུ། ངོ་བཅར་ཞུ་གཏུག་ལ་ཡ་རབས་གུས་ལུགས་ཀྱི་སྒོ་ནས་དང་ལེན་བྱས་ནས་ཞིང་པ་ལས་བཟོ་པར་སེམས་གསོ་དང་། རང་རྟོགས་ཀྱིས་ཞིང་པ་ལས་བཟོ་པའི་འགྲོ་འདུག་འཆག་ཉལ་གྱི་དཀའ་ངལ་དེ་ལ་རོགས་རམ་བཅས་ཞིང་པ་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ལེགས་པོ་བྱ་དགོས།

ཁོན་ཐར་འཚོས་བསྒྱུར།