ལོ་སར་སྐྱེལ་འདྲེན་སྐབས་སུ་མཚོ་སྔོན་ལྕགས་ལམ་གྱིས་ཡུལ་སྐོར་པ་ཁྲི148སྐྱེལ་འཆར་ཡོད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མདོ་དབུས་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། 2019ལོའི་ལོ་སར་སྐྱེལ་འདྲེན་ཟླ1ཚེས21ཉིན་ནས་འགོ་བརྩམས་ཏེ་ཟླ3ཚེས1ཉིན་བར་ཏེ། དུས་ཡུན་ཉིན40ཡི་རྗེས་ནས་མཇུག་སྒྲིལ་རྒྱུ་རེད། སྔོན་རྩིས་ལྟར་ན། ད་ལོའི་ལོ་སར་སྐབས་སུ་རང་ཞིང་གི་ལྕགས་ལམ་གྱིས་ཡུལ་སྐོར་པ་ཁྲི148སྐྱེལ་འཆར་ཡོད་ལ་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི3.7སྐྱེལ་འདྲེན་བྱ་རྒྱུ་རེད།

ཀྲུང་གོ་ལྕགས་ལམ་མདོ་དབུས་སྡེ་ཚོགས་ཚད་ཡོད་ཀུང་སིས་སྔོན་རྩིས་ལྟར་ན། ད་ལོའི་ལོ་སར་སྐབས་སུ། རང་ཞིང་གི་ལོ་སར་སྔོན་གྱི་འགྲུལ་པའི་སྐྱེལ་འདྲེན་ཚད་ལྟོས་བཅས་ཀྱིས་སྙོམས་པོ་ཡིན་ལ། ཞིང་ཆེན་བརྒལ་པའི་འགྲུལ་པའི་འགྲོ་འོང་གི་དུས་ཚོད་གཙོ་བོ་ཟླ1ཚེས25ཉིན་ནས་ཟླ2ཚེས3ཉིན་བར་རེད། སྔོན་རྩིས་ལྟར་ན། ལོ་སར་རྗེས་ནས་འགྲུལ་པ་ཕྱིར་ལོག་པའི་དུས་ཚོད་གཙོ་བོ་ཟླ2ཚེས10ཉིན་ནས་ཟླ2ཚེས28ཉིན་བར་ཡིན་ལ། དེའི་ཁྲོད་ཟླ2ཚེས10ཉིན་ནས་ཟླ2ཚེས15ཉིན་བར་ཕྱིར་གཉེན་འཕྲད་དུ་འགྲོ་མཁན་དང་ལས་བཟོ་པའི་འགྲོ་འོང་ཚད་མང་པས། ཐེངས་དང་པོར་འགྲུལ་པའི་སྐྱེལ་འདྲེན་ཚད་ཧ་ཅང་མང་པའི་དུས་ལ་ཁེལ་ཡོད་པ་རེད། ཟླ2ཚེས20ཉིན་ནས་ཟླ2ཚེས28ཉིན་བར་སློབ་མ་དང་ལས་བཟོ་པའི་འགྲོ་འོང་ཚད་ལྟོས་བཅས་ཀྱིས་གཅིག་ལ་ཁེལ་ཡོད་པས། ཐེངས་གཉིས་པའི་འགྲུལ་པའི་སྐྱེལ་འདྲེན་ཚད་ཧ་ཅང་མང་པའི་དུས་ལ་འཁེལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ལོ་སར་སྐྱེལ་འདྲེན་སྐབས་སུ། ཀྲུང་གོ་ལྕགས་ལམ་མདོ་དབུས་སྡེ་ཚོགས་ཚད་ཡོད་ཀུང་སིས་ཡུལ་སྐོར་པར་དྲ་ཐོག་དང་ཁ་པར་ལམ་ནས་པཱ་སེ་མངགས་ཉོ་བྱེད་ས། མེ་འཁོར་པཱ་སེ་ཚབ་འཚོང་ས་ཚིགས། མེ་འཁོར་ས་ཚིགས་དང་རང་འདེམས་པཱ་སེ་ཕྱིར་འཚོང་འཕྲུས་ཆས་བཅས་པཱ་སེ་མངགས་ཉོ་བྱེད་སྟངས5སྔར་བཞིན་འདོན་སྤྲོད་བྱ་རྒྱུ་རེད། ཡུལ་སྐོར་པའི་པཱ་སེ་མངགས་ཉོ་བྱེད་པར་འགན་ལེན་བྱེད་པའི་ཕྱོགས་ནས། ཀྲུང་གོ་ལྕགས་ལམ་མདོ་དབུས་སྡེ་ཚོགས་ཚད་ཡོད་ཀུང་སིས་གཙོ་བོར་ལས་བཟོ་པ་སྤྱོད་པའི་ཁེ་ལས་དང་སིལ་འཐོར་གྱི་ལས་བཟོ་པའི་པཱ་སེ་མངགས་ཉོ་བྱེད་པར་འགན་ལེན་བྱས་ཏེ། ཟི་ལིང་དང་ན་གོར་མོ། ལྷ་སའི་མེ་འཁོར་ས་ཚུགས་ནས་ལས་དོན་མི་སྣའི་ཞབས་ཞུའི་སྒེའུ་ཁུངས་ཁ་སྣོན་བྱ་རྒྱུ་རེད། སློབ་མའི་འགྲོ་འོང་ཚད་མང་པའི་སྐབས་སུ་མེ་འཁོར་པཱ་སེ་དཀྱུས་མ་དང་མྱུར་བགྲོད་མེ་འཁོར་གྱི་པཱ་སེ་ཁག་ཅིག་སློབ་མར་བསྐྱུར་ཏེ། སློབ་མས་ཕྱིར་ལོག་པཱ་སེ་དང་ལམ་སྦྲེལ་པཱ་སེ་མངགས་ཉོ་བྱེད་པར་སྟབས་བདེ་བཟོ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།