མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཞུང་ལམ་སྒྲིག་སྲོལ།

— ལེའུ་བཞི་པ། མ་དངུལ་བསྡུ་རུབ་དང་བདག་དོམ།

(གོང་འཕྲོས། )

དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བབ་བསྟུན་སྒོས་སྤྱི་གཞུང་ནོར་སྲིད་ཀྱི་མ་རྩ་བཏང་ནས་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་ནས། ཕྱོགས་གང་མང་གི་ཐད་དུ་མ་དངུལ་བསྡུ་རུབ་ཀྱིས་རོགས་སྐྱོར་བྱེད་པའི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་དང་བདག་དོམ། ཚོང་གཉེར། བདག་དོམ་བཅས་ལ་འགན་བཅོལ་བྱས་པ་རེད།

དོན་ཚན་སོ་གསུམ་པ། ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་དང་བདག་སྲུང་། བེད་སྤྱོད། བདག་དོམ་བཅས་ཀྱི་མ་དངུལ་མགོ་ཁུངས་ཀྱི་ཁྱབ་ཁོངས་སུ།

དང་པོ། རྒྱལ་ཁབ་ཀྱི་ཁ་གསབ་ཆེད་སྤྱོད་མ་དངུལ།

གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ནོར་སྲིད་རང་བཞིན་གྱི་མ་དངུལ།

གསུམ་པ། སྤྱི་ཚོགས་སྟེང་ནས་ཞལ་འདེབས་སུ་གནང་བའི་མ་དངུལ།

བཞི་པ། གོང་བཅག་དང་གཞན་འཚོང་ལས་བྱུང་བའི་ཞིང་སྡེའི་གཞུང་ལམ་གྱི་ཁེ་དབང་དང་ལམ་ཁོངས་ཐོན་ཁུངས་གསར་སྤེལ་དབང་ཆ། ལྗང་སྒྱུར་དབང་ཆ་སོགས་ཀྱི་རྣམ་པ་ལ་བརྟེན་ནས་བསྡུ་རུབ་བྱས་པའི་མ་དངུལ།

ལྔ་པ། གཏན་འབེབས་ནང་བཞིན་ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ཐད་འགོད་རྒྱུའི་བསྡུ་རུབ་མ་དངུལ།

དྲུག་པ། ཁྲིམས་མཐུན་སྒོས་བསྡུ་རུབ་བྱས་པའི་མ་དངུལ་གཞན་དག

དོན་ཚན་སོ་བཞི་པ། ཞིང་སྡེའི་གཞུང་ལམ་གྱི་མ་དངུལ་དེ་བབ་བསྟུན་སྒོས་བཟོ་སྐྲུན་གྱི་འཕེལ་རིམ་ནང་བཞིན་དུས་ལྟར་སྤྲོད་པ་དང་རང་སྟེང་ནས་རྩིས་བཤེར་ནན་མོ་བྱེད་པ། མ་དངུལ་ཆེད་སྤྱོད་བྱེད་པ་ལས་ལས་ཁུངས་དང་མི་སྒེར་གང་གིས་ཀྱང་བདག་འཛིན་དང་གཞན་སྒྱུར་སོགས་གཏན་ནས་བྱེད་མི་རུང་།

དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བབ་བསྟུན་གྱི་ཞིང་སྡེའི་གཞུང་ལམ་ཐད་ཀྱི་མ་དངུལ་བདག་དོམ་ལམ་ལུགས་འཐུས་ཚང་ཞིག་གསར་འཛུགས་བྱས་ཏེ། གྲུབ་འབྲས་ཀྱི་སྔོན་རྩིས་བདག་དོམ་ལག་བསྟར་གྱིས་མ་དངུལ་གྱི་བེད་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏང་དགོས།

རྩིས་བཤེར་དང་ནོར་སྲིད་སོགས་སྡེ་ཁག་གིས་ཁྲིམས་ལྟར་ཞིང་སྡེའི་གཞུང་ལམ་གྱི་མ་དངུལ་ལ་རྩིས་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱ་བ་སོགས་བསྒྲུབ་དགོས།


(བཅའ་ཁྲིམས་སྲོལ་ཡིག་མུ་འགོད།)

ལོ་ཙཱ་བ། ལྷ་དཔལ་སྐྱབས།