རང་ཞིང་གིས་ད་ལོར་མུ་མཐུད་དུ་མཁར་གྲོང་གི་སྡོད་ཁང་ཆ་རྐྱེན་ལ་བཅོས་སྒྱུར་བྱེད་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ1ཚེས17ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ད་ལོ་མུ་མཐུད་དུ་རོང་འབྲོག་ཁུལ་གྱི་སྡོད་ཁང་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན། སྡོད་ཁང་ཐབས་ཆག་ལ་བཅོས་སྒྱུར། གཞིས་ཁུལ་རྙིང་བར་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གཞི་སྤེལ་རྒྱུ་ཡིན་ལ། ལས་གཞི་དེས་མཁར་གྲོང་གི་སྡོད་ཁང་ཆ་རྐྱེན་ལ་བཅོས་སྒྱུར་བྱེད་པ་གཙོ་བོར་བཟུང་སྟེ། མི་གནས་སྡོད་བྱེད་པའི་ཆ་རྐྱེན་ལེགས་སྒྱུར་སྒོས་མཁར་གྲོང་གི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ་རེད།

2019ལོར་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་རོང་འབྲོག་ས་ཁུལ་གྱི་དུད་ཁྱིམ་ཁྲི4.5ལྷག་ལ་སྡོད་ཁང་འཛུགས་སྐྲུན་བྱ་བའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། དེའི་ཁྲོད་རོང་འབྲོག་ཁུལ་གྱི་སྡོད་ཁང་ཐབས་ཆག་ཅན་གྱི་དུད་ཁྱིམ་ཁྲི1.5ཡོད། རོང་འབྲོག་སྡོད་ཁང་གི་ཆ་རྐྱེན་ཕྱོགས་བསྡུས་བཅོས་སྒྱུར་བཟོ་སྐྲུན་གྱི་དུད་ཁྱིམ་ཁྲི3ཡོད། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང300དང་མཛེས་སྡུག་ལྡན་པའི་མཁར་གྲོང10འཛུགས་སྐྲུན་བྱ་རྒྱུ་རེད་ལ། སྡོད་ཁུལ་ཐབས་ཆག་ཁྲི1ལྷག་ལ་བཅོས་སྒྱུར་དང་གཞིས་ཁུལ་རྙིང་བའི་སྡོད་ཁང་ཁྲི3ལ་ཕྱོགས་བསྡུས་དག་ཐེར་བྱེད་རྒྱུ་ཡིན་པ་རེད། ལོ་ཧྲིལ་བོའི་འཆར་གཞི་ནི་ཁང་སའི་གསར་སྤེལ་ཐད་ལ་མ་དངུལ་སྒོར་དུང་ཕྱུར300ལྷག་གཏོང་འཆར་ཡོད། དེ་ལས་གཞན་མཁར་གྲོང100ལྷག་ལ་སྡོད་ཁང་ཐོག་སོ་བརྩེགས་རིམ་ཅན་དང་གློག་སྐས་འཛུགས་པའི་ལས་གཞི་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་སྲིད་གཞུང་གིས་མ་དངུལ་གཏོང་བའི་སྤྱི་གཞུང་ཞབས་ཞུའི་ལས་གཞིའི་བདག་དོམ་སོགས་ཀྱི་ཐད་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་ལེགས་པོ་བྱེད་རྒྱུ་ཡིན་པ་རེད།

ད་ལོའི་བྱ་བའི་དམིགས་འབེན་གཞིར་བཟུང་སྟེ་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་འཛུགས་སྐྲུན་མ་ལག་གིས“སྔོན་འགྲོ་གཅིག་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་དེ་གཙོ་ཐིག་དུ་བཟུང་ནས་སྡོད་ཁང་གི་འགན་བཅོལ་མཁོ་སྤྲོད་མ་ལག་མུ་མཐུད་དུ་འཐུས་ཚང་ཅན་དུ་བཏང་ཞིང་། མཁར་གྲོང་གི་སྡོད་ཁང་ལམ་ལུགས་བཅོས་སྒྱུར་བྱ་བ་གཏིང་ཟབ་སྒོས་སྤེལ་ནས་གྲོང་ཁྱེར་གྱི་སྡོད་དམངས་དག་གི་སྡོད་ཁང་གི་དགོས་མཁོ་གཞིར་བཟུང་སྟེ་གླ་གཏོང་དང་མངགས་ཉོ་ཟུང་འབྲེལ་བྱེད་པ། ཁྲོམ་རའི་བཀོད་སྒྲིག་དང་སྲིད་གཞུང་གི་འགན་བཅོལ་ལ་ཟུང་འབྲེལ་བྱེད་པའི་སྡོད་ཁང་གི་ལམ་ལུགས་ལག་བསྟར། མཁར་གྲོང་གི་གཅིག་གྱུར་འཕེལ་རྒྱས་རྒྱུན་འཁྱོངས་སྒོས་ནུས་ཤུགས་གང་ཡོད་ངང་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས་ནས་ཆུ་ལོག་ས་འོག་ཏུ་སྡུད་སྐྱེན་པའི་གྲོང་ཁྱེར་དང་ས་འོག་སྣ་འཛོམས་སྦུག་ལམ་ཁྱམས་རའི་ཚོད་ལྟའི་ས་གནས་འཛུགས་སྐྲུན་བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་མཁར་གྲོང་དུ་ཆུ་བེད་འདོན་སྤྲོད་དང་ཆུ་བེད་གྲོན་ཆུང་བྱེད་པ། མཁར་གྲོང་གི་སྤྱི་གཞུང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ་གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དང་གྲོང་ཁྱེར་གྱི་འཕེལ་རྒྱས་བྱེད་ཐབས་རིམ་སྒྱུར་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།