མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཞུང་ལམ་སྒྲིག་སྲོལ།

— ལེའུ་གཉིས་པ། འཆར་འགོད་དང་འཛུགས་སྐྲུན།

(གོང་འཕྲོས། )

དོན་ཚན་བརྒྱད་པ། ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་མཐུན་ཞིང་། ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་མཁར་གྲོང་འཆར་འགོད། མངའ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་དང་མཐུན་ཞིང་། རྒྱལ་ཁབ་ཀྱི་གཞུང་ལམ་དང་ཞིང་ཆེན་གྱི་གཞུང་ལམ། ལྕགས་ལམ། དམངས་སྤྱོད་མཁའ་ལམ། ཆུ་ཐོག་སྐྱེལ་འདྲེན་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་འགོད་དང་གྲོས་མཐུན་སྙོམས་སྒྲིག་བྱས་ཡོད།

དོན་ཚན་དགུ་པ། རྫོང་གི་གཞུང་ལམ་འཆར་འགོད་དེ་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་ལ་སྒྲིག་ཁོངས་བཟོས་ནས་རིམ་པ་གང་དེའི་མི་དམངས་སྲིད་གཞུང་གི་ཞིབ་བཤེར་གཏན་ཁེལ་བྱས་རྗེས། རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་འགོད་དུ་འཇུག་དགོས།

ཤང་གི་གཞུང་ལམ་དང་སྡེ་བའི་གཞུང་ལམ་གྱི་འཆར་འགོད་དེ་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཤང་དང་གྲོང་རྡལ་གྱི་འབྲེལ་ཡོད་སྡེ་ཁག་ལ་གྲོས་མཐུན་རོགས་སྒྲུབ་བྱས་ཏེ་མི་དམངས་སྲིད་གཞུང་གི་སྒྲིག་ཁོངས་སུ་བཞག་སྟེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་འགོད་པར་སྙན་སེང་ཞུ་དགོས།

ཆོག་མཆན་ཐོབ་པའི་ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད་དེ་ཆོག་མཆན་ཐོབ་པའི་ལས་ཁུངས་དེའི་རིམ་པ་དང་པོའི་མི་དམངས་སྲིད་གཞུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་ལ་སྤྲད་དེ་ཡིག་ཚགས་བཟོ་དགོས།

ཆོག་མཆན་ཐོབ་པའི་ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད་དེ་གང་འདོད་ལྟར་བཅོས་སྒྱུར་དང་སྙོམས་སྒྲིག་བྱེད་མི་རུང་ལ། གལ་ཏེ་བཅོས་སྒྱུར་དང་སྙོམས་སྒྲིག་བྱ་དགོས་ཚེ། ངེས་པར་དུ་སྔོན་གྱི་འགྲོ་ལུགས་ཇི་བཞིན་ཆོག་མཆན་སྙན་ཞུ་དང་ཡིག་ཚགས་གྲ་སྒྲིག་བྱེད་དགོས།

དོན་ཚན་བཅུ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འཆར་འགོད་དང་མཐུན་པའི་སྒོ་ནས་དམངས་ཚིས་བཅོས་སྒྱུར། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།

ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་དེས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་གཞིར་བཟུང་སྟེ། རང་བྱུང་ས་བབ་ཀྱི་ཆ་རྐྱེན་དང་གཞུང་ལམ་བྱེད་ནུས་ཀྱི་དགོས་མཁོ་སོགས་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། ལག་རྩལ་གྱི་གོ་རིམ་འོས་འཚམ་གཏན་ཁེལ་བྱས་ནས་འཛུགས་སྐྲུན་གྱི་ཚད་གཞི་རིམ་བཞིན་མཐོར་འདེགས་སུ་གཏོང་དགོས།

རྫོང་རིམ་པའི་གཞུང་ལམ་དང་ཤང་གི་གཞུང་ལམ་འཛུགས་སྐྲུན་དེ་རྒྱལ་ཁབ་དང་ཞིང་ཆེན་དེའི་འབྲེལ་ཡོད་ཚད་གཞི་ལྟར་ལག་བསྟར་བྱས་ཞིང་། སྔ་མོ་ནས་ཡོད་པའི་གཞུང་ལམ་དེར་བཅོས་སྒྱུར་དང་སྒྱུར་བཅོས་འཐུས་ཚང་ཅན་དུ་གཏོང་དགོས།

དོན་ཚན་བཅུ་གཅིག་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད། མ་དངུལ་བསྡུ་རུབ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས། ནོར་སྲིད་དངུལ་གཏོང་སོགས་ཀྱི་གཞི་རྒྱུ་གཞིར་བཟུང་སྟེ་འབྲེལ་ཡོད་སྡེ་ཁག་གི་སྒྲིག་ཁོངས་སུ་བཞག་སྟེ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ལོ་རེའི་འཆར་གཞི་དང་། གཏན་འབེབས་བརྒྱུད་རིམ་ལ་ཆོག་མཆན་ཐོབ་རྗེས་ལག་བསྟར་རྩ་འཛུགས་བྱེད་རྒྱུ།

དོན་ཚན་བཅུ་གཉིས་པ། ཞིང་སྡེའི་གཞུང་འཛུགས་སྐྲུན་གྱི་ལས་གཞི་དེ་འབྲེལ་ཡོད་ཚད་ལྡན་གྱི་འགྲིམ་འགྲུལ་བདེ་འཇགས་སྒྲིག་གཞི་དང་འགོག་སྲུང་། ཆུ་གཤོང་བ། འགྲུལ་སྐྱེལ་རླངས་འཁོར། ལམ་རྒྱུད་རླངས་འཁོར་འདུག་སའི་ས་ཚིགས་སོགས་སྒྲིག་གཞི་གཞིར་བཟུང་སྟེ། བཟོ་སྐྲུན་གཙོ་བོའི་ཇུས་འགོད་དང་ཨར་ལས། དངུལ་གཏོང་བེད་སྤྱོད་སོགས་བྱེད་དགོས།

ཆ་རྐྱེན་ཡོད་པའི་ས་ཁུལ་དུ་ཞིང་སྡེའི་གཞུང་ལམ་དང་ཐོན་ལས་གླིང་ཁུལ། ཞིང་སྡེའི་ཡུལ་སྐོར་སོགས་ངོ་བོ་གཅིག་ཅན་གྱི་འཛུགས་སྐྲུན་དང་གསར་སྤེལ་ལ་སྐུལ་འདེད་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས་ལས་བསྡུ་དངུལ་འཇོག་སྒྲིག་སྲོལ་དངོས་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་བཞི་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞིའི་འཆར་འགོད་དེ་ལ་དེར་འབྲེལ་གྱི་ཇུས་འགོད་ལས་ཁུངས་ཀྱིས་འགན་ལེན་བྱེད་དགོས།

ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཇུས་འགོད་ཡིག་ཆ་དེར་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་ཡོད་དགོས།

དོན་ཚན་བཅོ་ལྔ་པ། རྫོང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་འཛུགས་སྐྲུན་ལས་གཞི་དེར་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ལག་བསྟར་ཆོག་མཆན་སྒྲུབ་དགོས།

སྡེ་བའི་གཞུང་ལམ་འཛུགས་སྐྲུན་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ལག་བསྟར་ཆོག་མཆན་སྒྲུབ་དགོས།

དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་བདེ་ཐང་རྒྱུ་སྤུས་གསར་འཛུགས་དང་བདེ་འཇགས་ལྟ་སྐུལ་བདག་དོམ་སྒྲིག་གཞི་གསར་འཛུགས་བྱས་ཏེ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་རྒྱུ་སྤུས་དང་བདེ་འཇགས་ཀྱི་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ནས་ལྟ་སྐུལ་བདག་དོམ་ཞིབ་བཤེར་བྱེད་པ།

ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་འཛུགས་སྐྲུན་ལས་ཁུངས་ཀྱིས་ཆེད་མཁས་པ་དང་མང་ཚོགས་ཀྱི་འཐུས་ཚབ་པ་ལ་སྐུལ་སློང་བྱས་ཏེ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་རྒྱུ་སྤུས་དང་བདེ་འཇགས་ཀྱི་ལྟ་རྟོག་བྱ་བའི་ཁྲོད་ཟབ་ཞུགས་བྱེད་པ།

དོན་ཚན་བཅུ་བདུན་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ལེགས་འགྲུབ་བྱུང་རྗེས། རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཞིབ་བཤེར་བྱེད་དགོས་ཤིང་། ཞིབ་བཤེར་མ་བྱས་པ་དང་ཞིབ་བཤེར་འོས་མཐུན་མིན་པ་ལ་ལས་དངུལ་སྤྲད་མི་ཆོག

ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་དེ་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ་ལས་ཀར་ཞིབ་བཤེར་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞི་དེ་ལོ་རེའི་འཆར་གཞི་དང་ཁ་གསབ་རོགས་དངུལ་སྲིད་ཇུས། ཚད་ལྡན་ལས་བསྡུའི་དངུལ་གཏོང་། ཨར་ལས་བདག་དོམ། རྒྱུ་སྤུས་ལྟ་ཞིབ་བདག་དོམ། མ་དངུལ་བེད་སྤྱོད། ལས་གཞི་ཞིབ་བཤེར་སོགས་ཀྱི་གནས་ཚུལ་དེ་དུས་ལྟར་སྤྱི་བསྒྲགས་བྱས་ནས་སྤྱི་ཚོགས་སྟེང་ལྟ་སྐུལ་དང་ལེན་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་དགུ་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་འཛུགས་སྐྲུན་ལས་ཁུངས་ཀྱིས་ཡིག་ཚགས་བདག་དོམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། བཟོ་སྐྲུན་ཡིག་ཚགས་བསྡུ་རུབ་དང་དག་སྒྲིག ཉར་ཚགས་བཅས་བྱ་དགོས། བཟོ་སྐྲུན་ཡིག་ཚགས་གསར་བཟོ་དང་ལས་གཞི་ལ་ཞིབ་བཤེར་འོས་འཚམ་ཡིན་ན་ད་བཟོད་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་ལ་སྤྲད་ནས་ཉར་ཚགས་བྱེད་དགོས།

དོན་ཚན་ཉི་ཤུ་པ། ཞིང་ཆེན་མི་དམངས་སྲིད་གཞུང་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་འཐུས་སྒོ་ཚང་བའི་ཡིད་རྟོན་དཔྱད་འཇོག་མ་ལག་གསར་འཛུགས་བྱས་ཤིང་། ཡིད་རྟོན་མཉམ་འབྲེལ་ལག་བསྟར་བྱེད་པར་སྐུལ་སློང་དང་ཡིད་ཆེས་ཤོར་བའི་མཉམ་འབྲེལ་ལ་ཆད་པ་གཅོད་དགོས།

གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞི་དང་འབྲེལ་བའི་ལས་ཁུངས་ལ་ཡིད་རྟོག་དཔྱད་འཇོག་བྱས་ཏེ་དཔྱད་འཇོག་མཇུག་འབྲས་སྙན་ཞུའི་ཐད་རིམ་པ་དང་པོའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་ལ་རྩིས་སྤྲོད་བྱེད་དགོས།

བཅའ་ཁྲིམས་སྲོལ་ཡིག་མུ་འགོད།) 

ལོ་ཙཱ་བ། ལྷ་དཔལ་སྐྱབས།