མཚོ་ནུབ་ཁོངས་ཀྱི་རྒྱལ་ལམ་དང་ཞིང་ཆེན་གཞུང་ལམ་གྱི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར42.72བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2018ལོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཤིང་། ཟླ12པའི་བར་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་ལས་གཞི་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར42.72བཏང་སྟེ། གཞུང་ལམ་གྱི་ལམ་ཐིག་འཛུགས་སྐྲུན་དང་ཞིང་སྡེའི་གཞུང་ལམ། ཐང་ཆེན་འབབ་ཚིགས་སོགས་ཀྱི་འཛུགས་སྐྲུན་བྱ་བར་སྔར་ལས་ལྷག་པའི་སྐུལ་འདེད་བྱས།

རྒྱལ་ཁབ་ཞིང་ཆེན་ལམ་ཐིག་རིམ་འཕར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། དེའི་ཁྲོད་རྒྱལ་ཁབ་ཀྱི་གཞུང་ལམG347ལམ་ཐིག་སྟེ་གཏེར་ལེན་ཁ་ནས་དུར་ལམ་རིམ་གཉིས་གཞུང་ལམ་ལ (དེའི་ཁོངས་སུG315ཐམ་ཐིག་རྙིང་བ་སྟེ་དབུས་ལམ་ནས་གཏེར་ལེན་ཁ་བར་གྱི་གཞུང་ལམ་ཡང་འདུས་ཡོད།) མ་དངུལ་སྒོར་དུང་ཕྱུར5.02། ནུབ་མཚོ་སྟེ་མདའ་བཞི་ནས་གཏེར་ལེན་ཁ་གྲོང་ཁྱེར་བར་གྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར30.33། སི་པེ་ནས་ཚ་ཧན་བར་གྱི་གཞུང་ལམ་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར6.05། G215ལམ་ཐིག་སྟེ་ཚ་ཧན་ནས་ན་གོར་མོ་གྲོང་ཁྱེར་གྱི་ལམ་ཐིག་གཞུང་ལམ་གྱི་ངོས་རྒྱ་སྐྱེད་བཟོ་བཅོས་བཟོ་སྐྲུན་ཐད་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.32བཅས་བཏང་། ན་གོར་མོ་ནས་མང་ཨེ་གཞུང་ལམ་རྙིང་པའི་བར་གྱི་གཞུང་ལམ། ཡུའུ་ཧྲ་རི་བོ་ནས་མང་ཨེ་གཞུང་ལམ་བར་གྱི་བཟོ་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། དུས་སྔོན་མའི་བྱ་བར་གྲ་སྒྲིག་གང་ལེགས་བྱས་ཤིང་། ཞིང་ཆེན་གྱི་གཞུང་ལམS212སྟེ་གཏེར་ལེན་ཁ་ནས་ཤ་ར་མཚེའུ་བར་གྱི་གཞུང་ལམ། ཞིང་ཆེན་གཞུང་ལམS214བཟོ་སྐྲུན་ལས་བསྡུའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། འཆར་གཞི་ལྟར་ན2019ལོའི་ཟླ4པའི་ནང་འཛུགས་སྐྲུན་ལས་འགོ་རྩོམ་རྒྱུ་ཡིན་པ་རེད།

ཞབས་ཞུ་དང་རྒྱུས་ལོན་ལ་བརྟེན་ནས་ཞིང་གྲོང་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གཙོ་གནད་དུ་བཟུང་སྟེ། ཞིང་སྡེའི་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཞན་ཆ་ཁ་གསབ་བྱེད་པ། སྡེ་བའི་ནང་དུ་སྣུམ་ལམ་འཐེན་པ། ལམ་ཞེང་དོག་པ་ཆེས་ཆེར་གཏོང་པ། བདག་དོམ་སྲུང་སྐྱོབ་བཟོ་སྐྲུན། དམངས་ཕན་ཟམ་གདུང་སོགས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ལ་གྲོས་མཐུན་བཞག་སྟེ། ལོ་ཧྲིལ་པོར་མུ་མཐུད་དུ་ཞིང་སྡེ་གཞུང་ལམ་སྤྱི་ལེ1037གསར་འཛུགས་དང་རྒྱ་སྐྱེད་བྱེད་རྒྱུ་རེད་ལ། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར5.24ཡིན་ཞིང་། མ་དངུལ་སྒོར་དུང་ཕྱུར3.35བཏང་ཞིང་སྲིད་འཛིན་སྡེ་བའི་ནང་ལ་གཞུང་ལམ་ཐོན་པའི་ཚད་གཞི80%ལ་སླེབས་ཡོད་པ་རེད།

དེ་དང་ཆབས་ཅིག་ཤང་དང་གྲོང་རྡལ་གྱི་རླངས་འཁོར་འབབ་ཚིགས་རྒྱ་སྐྱེད་དང་རིམ་འཕར། རླངས་འཁོར་འབབ་ཚིགས་ཀྱི་རིམ་འཕར་ལ་སྐུལ་འདེད་དང་མི་དམངས་མང་ཚོགས་ལ་ཞབས་ཞུབ་བསྐྲུན་ཡོད་པ་རེད། དབུས་ལམ་ནས་གཏེར་ལེན་ཁ་གྲོང་ཁྱེར་གྱི་རླངས་འཁོར་འབབ་ཚིགས་འཛུགས་སྐྲུན་བྱས་ཤིང་། གཏེར་ལམ་རླངས་འཁོར་འབབ་ཚིགས་གསར་སྐྲུན་བྱ་བ་ཡང་སྔར་ལས་བརྟན་འཇགས་སུ་བཏང་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།