མཚོ་སྔོན་གྱིས་སྔ་གཞུག་ཏུ་བོད་ལྗོངས་ལ་ཆུ་ཚོད་རེར་གློག་སྟོང་ཝ་དུང་ཕྱུར55ལྷག་བཏང་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན་གསར་འགོད་པས་ཀྲུང་གོའི་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། མཁའ་ལམ་གློག་ཤུགས་ཞེས་འབོད་པའི་མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་གློག་ཤུགས་དྲ་སྦྲེལ་ལས་གཞིས་སྔ་གཞུག་ཏུ་བོད་ལྗོངས་ལ་གློག་འབོར་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར55ལས་བརྒལ་བ་མཁོ་འདོན་བྱས་པ་དང་མཉམ་དུ། བོད་ལྗོངས་དབུས་གློག་དྲ་ནས་ཆུ་ཚོད་རེར་གློག་ཤུགས་སྟོང་ཝ་དུང་ཕྱུར23ཕྱིར་འདོན་ཐུབ་པར་རོགས་བྱས་ཡོད་པ་རེད། “་མཁའ་ལམ་གློག་ཤུགས”འདི་བརྟན་འཇགས་འཁོར་རྒྱུག་བྱས་ནས་ལོ་འཁོར་བདུན་སོང་བའི་རིང་དུ། བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་ནུས་ཁུངས་ཀྱི་རམ་འདེགས་སྟོབས་དང་ལྡན་པ་ཞིག་མཁོ་འདོན་བྱས་ཡོད་པ་ཐག་ཆོད་རེད།

མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་གློག་ཤུགས་དྲ་སྦྲེལ་ལས་གཞི་འདི་ནི་ཤར་མཚོ་སྔོན་གྱི་ཟི་ལིང་ནས་ནུབ་བོད་ལྗོངས་ཀྱི་ལྷ་སའི་དབར་ཏེ་རིང་ཚད་ཡོངས་ལ་སྟོང་སྨི2530དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4500ཡི་སར་ཡོད་པ་དང་། ས་མཐོ་ཞིང་གྲང་ལྷགས་ཆེ་བ། དབྱིང་རླུང་དཀོན་པ། རླུང་ཤུགས་ཆེ་བའི་མངའ་ཁོངས་མང་པོ་བརྒྱུད་ནས་ཡོད་པས་འཁོར་རྒྱུག་སྲུང་སྐྱོང་ལ་དཀའ་ཚེགས་ཆེན་པོ་ལྡན། འཁོར་སྐྱོད་ཉམས་གསོའི་ལས་འགན་འཁུར་མཁན་ཀྲུང་གོའི་གློག་དྲ་མཚོ་སྔོན་གློག་ཤུགས་ཞིབ་བཤེར་བཟོ་བཅོས་ཀུང་སིས་ས་མཐོ་ཞིང་གྲང་ངར་ཆེ་བའི་ས་བབ་དང་བསྟུན་ཐབས་སུ་ཕན་འབྲས་ལྡན་པའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གློག་འདོན་ལས་གཞིར་འཁོར་སྐྱོད་སྲུང་སྐྱོང་གི་དོ་དམ་བྱེད་སྟངས་བཀོལ་བ་དང་། འོདXཡི་སྐྱོན་འཚོལ་དཔྱད་ཞིབ་དང་། རིག་ལྡན་འཕྲུལ་མིའི་ཞིབ་བཤེར་སོགས་ལག་རྩལ་གསར་པ་བེད་སྤྱད་པ་མ་ཟད། གནམ་ཟླ་ཧ་ཅང་མི་བཟང་བའི་སྐབས་ལ་ངེས་མེད་གློག་འདོན་སྐུལ་ལམ་ལ་རིག་ལྡན་འཕྲུལ་མིར་ཞིབ་བཤེར་བྱེད་དུ་བཅུག་པ་དང་། འཁྱགས་སར་ལྟ་སྐུལ་ཚད་འཇལ་དང་། མིའི་བཟོས་བྱ་ཚང་སོགས་སྒྲིག་ཆས་བསྒྲིགས་ནས་མཁའ་ལམ་གློག་ཤུགས་གཏན་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་ལེགས་པོ་བྱས་ཡོད་པ་རེད།

མཚོ་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་བཙུགས་ནས་འཁོར་སྐྱོད་བྱས་རྗེས། བོད་ལྗོངས་ཀྱི་གློག་དྲ་དེ་མཚོ་སྔོན་གློག་དྲ་དང་ནུབ་བྱང་ས་ཁུལ་གྱི་གློག་དྲ་དང་དྲ་བར་འབྲེལ་ཞིང་། གློག་ཤུགས་མཁོ་འདོན་སྒྲིག་གཞི་ཇེ་ལེགས་སུ་སོང་ནས་བོད་ལྗོངས་དབུས་ཁུལ་གྱི་གློག་དྲར་ནམ་རྒྱུན་གློག་ཆད་འགྲོ་བའི་ལོ་རྒྱུས་མཇུག་སྒྲིལ་དུ་བཅུག   ན་ནིང་གི་དགུན་ཁར་མཚོ་བོད་གློག་ཤུགས་དྲ་སྦྲེལ་གྱི་ཚྭ་འདམ་དང་ལྷ་སའི་དབར་གྱི་སྤེལ་རྒྱུག་ཐད་རྒྱུག་མ་ལག་གིས་བོད་དབུས་ཁུལ་གྱི་གློག་འདོན་འོས་འགན་གཙོ་བོ་འགན་ཏུ་བླངས་ནས་བོད་ལྗོངས་དབུས་ཁུལ་དུ་གློག་འདོན་སྐྱེལ་བྱས་ཤིང་། མཁོ་འདོན་བྱས་པའི་གློག་འབོར་དེ་བོད་ལྗོངས་དབུས་ཁུལ་གྱི་སྤྱིའི་གློག་སྤྱོད་ཐེག་ཚད་ཀྱི50%ལ་སླེབས་ཡོད་པ་རེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཞིབ་བཤེར་བཟོ་བཅོས་ཀུང་སི་ཚྭ་འདམ་བརྗེ་རྒྱུག་ས་ཚིགས་ཀྱི་འགོ་བ་ལི་ཞའོ་མེང་གིས། 2018ལོའི་ཟླ12པའི་ཚེས15ཉིན། ཚྭ་འདམ་ནས་ལྷ་སའི་དབར་གྱི་ཐད་རྒྱུག་སྟོང་ཧྥུ±400སྣེ་ཟུང་གི་སྟོང་ཝ་ཁྲི60ཡི་ཁྱོན་གནོན་ཚད་ལེན་ཚོད་ལྟ་ཡི་ལས་ཀ་བདེ་བླག་ངང་མཇུག་རྫོགས་རྗེས་སུ། ཚྭ་འདམ་ནས་ལྷ་སའི་དབར་གྱི་ཐད་རྒྱུག་གི་སྐུད་ལམ་གློག་འདོན་གྱི་ཐེག་ཚད་དེ་ཉིན་རེར་སྟོང་ཝ་ཁྲི55ལས་མི་བརྒལ་བ་རྒྱུན་བསྐྱངས་ཐུབ་ཡོད་ལ། ད་ལོའི་དགུན་ཁར་བོད་ལྗོངས་ཀྱི་ཕྱོགས་ལ་སྔ་གཞུག་ཏུ་གློག་འབོར་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར3.7བཏང་ཡོད་ཟེར།

ཁོན་ཐར་འཚོས་བསྒྱུར།