མཚོ་ལྷོ་མང་རྫོང་གི་རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་བྱ་མདོ་དང་མང་ར།མང་ཆུ་བཅས་ཤང་དང་གྲོང་རྡལ་གསུམ་གྱི་བྱ་བར་རྟོག་ཞིབ་བྱས་པ།

ཉེ་ལམ་མཚོ་ལྷོ་མང་རྫོང་གི་རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་དུས་ཡུན་ཉིན་གསུམ་གྱི་དུས་ཚོད་བེད་སྤྱད་དེ་སྔ་གཞུག་ཏུ་བྱ་མདོ་དང་མང་ར།མང་ཆུ་གྲོང་རྡལ་བཅས་ཀྱི་སྡེ་བ16གི་དབུལ་ཐར་མཁྲེགས་གཏོར་དང་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་སྐབས་ཚེ་ཁོ་སྐྱིད་ཁྱིམ་ཚང་ཕྱུགས་ར་དང་ཞིང་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་། དབུལ་ཕོངས་ཁྱིམ་ཚང་ཁ་ཤས་ལ་སོང་སྟེ།རྣམ་པ་གསར་བའི་ཚོང་གཉེར་དང་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་ལེགས་སྒྲིག་གི་གནས་ཚུལ་ལ་ཞིབ་ཕྲའི་སྒོ་ནས་ལྟ་ཞིབ་དང་།མང་ཚོགས་ཀྱི་འཐུས་མིར་བཞུགས་མོལ་གྲོས་སྡུར་དང་བསམ་བློ་བརྗེ་རེས་བྱས། ཤང་གྲོང་རྡལ་དང་སྡེ་བ་སོ་སོའི་ཞིང་ཕྱུགས་ལས་ཐོན་སྐྱེད་དང་དབུལ་ཐར་མཁྲེགས་གཏོར་གྱི་གཞི་རྩའི་གནས་ཚུལ་ཁྲོད་གནས་པའི་གནད་དོན་དག་ལ་ཞིབ་ཕྲའི་སྒོ་ནས་རྒྱུས་ལོན་བྱས། ལྷག་པར་དུ2019ལོའི་རོང་འབྲོག་མང་ཚོགས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་ཐད་ཀྱི་བསམ་ཚུལ་དང་རེ་འདུན། རེ་སྙེག་བཅས་ལ་ཉན་རྗེས། གཞུག་ཕྱོགས་ཀྱི་བྱ་བའི་ཐད་ལ་བྱེ་བྲག་གི་བླང་བྱ་ཡང་བཏོན་པ་རེད།

གཅིག་ནས་རང་སྟེང་གི་མི་འདང་བའི་འཕེལ་རྒྱས་དང་།དབུལ་ཐར་ཕུ་ཐག་ཆོད་པ་ལེན་དཀའ་བའི་གནད་དོན་ལ་ཁ་གཏད་དེ། ཤང་གྲོང་རྡལ་དང་སྡེ་བའི་ལས་བྱེད་པས་མི་དམངས་མང་ཚོགས་ལ་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་དང་དཔལ་འབྱོར་ལ་རྩིས་ལེགས་པོ་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་དྲིན་གཟོ་ཡར་བརྩོན་ཀྱི་འདུ་ཤེས་ལ་སྐུལ་འདེད་བྱེད་དགོས།དུས་མཚུངས་སུ་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ་དང་།དབུལ་ཕོངས་མིན་པའི་ཁྱིམ་ཚང་ལ་སློབ་གསོ་བཏང་སྟེ་སེམས་ཀྱི་གནོན་ཤུགས་ཇེ་ཡངས་སུ་གཏོང་དགོས། གཉིས་ནས་སྡེ་བ་ཁ་ཤས་ཀྱི་རྩ་འཛུགས་ནུས་པ་མི་འདང་བར་ཁ་གཏད་དེ།འཕེལ་རྒྱས་ཀྱི་ནུས་པ་ཞན་པའི་གནད་དོན་ལ་སྣེ་ཁྲིད་ནས།ཤང་གྲོང་རྡལ་དང་སྡེ་བ་སོ་སོའི་སྡེ་ཨུ་གཉིས་ཀྱིས་ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ།སྡེ་བ་རིམ་པའི་རྩ་འཛུགས་ལ་ནུས་ཤུགས་སྲ་བརྟན་ཞིག་བསྐྲུན་དགོས་པ་དང་། དཔུང་སྡེ་མཐུན་སྒྲིལ་དང་རྩ་འཛུགས་ཀྱི་གཅིག་སྒྲིལ་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། གསུམ་ནས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གཞི་རྒྱ་ཅན་དང་རྩ་འཛུགས་ཅན་གྱི་མི་འདང་པའི་གནད་དོན་ལ་ཁ་གཏད་དེ། ཤང་གྲོང་རྡལ་དང་འབྲེལ་ཡོད་སྡེ་ཁག་གིས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས། སྡེ་བའི་སོ་སོའི་རང་སྟེང་གི་གནས་སྟངས་དང་ཐོན་ལས།མང་ཚོགས་ཀྱི་དགེ་མཚན་སོགས་རང་རྟོག་སྒོས་གསོ་སྤེལ་སྙོམས་སྒྲིག་བྱེད་པར་སྣེ་ཁྲིད་པ་དང་། དུས་མཚུངས་སུ་འཕེལ་རྒྱས་འཁོར་སྐྱོད་ལ་སྐུལ་འདེད་ཀྱི་ནུས་པ་ལེགས་པོ་ཐོན་བཞིན་པའི་ཚོང་གཉེར་མང་པོ་གཞི་གཅིག་ཏུ་བསྡུས་ནས་འཕེལ་རྒྱས་དང་མཉམ་འབྲེལ་གྱི་ཚོང་གཉེར་ཁ་ཕྱོགས་གསར་པ་འཚོལ་ཞིབ་བྱེད་པ། བེད་མེད་དུ་ལུས་པའི་ཁྱིམ་ཚང་ཕྱུགས་ར་དང་ཞིང་ཕྱུགས་མཉམ་ལས་ཁང་སོགས་ཧྲིལ་སྒྲིག་གམ་འཁོར་སྐྱོད་བྱེད་དུ་བཅུག་ནས་རིགས་སོ་སོའི་ཐོན་ཁུངས་ཀྱི་ཕན་ཁེ་ཇེ་ཆེར་གཏོང་དགོས། ལྷག་པར་དུ་ཁྱིམ་ཚང་དབུལ་བོ་དག་ཚོང་གཉེར་ཁྲོད་ཞུགས་སུ་འཇུག་པ་དང་དབུལ་ཕོངས་ཁྱིམ་ཚང་ལ་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ནས།འཕེལ་རྒྱས་ནུས་པ་མཐོར་འདེགས་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་ཏུ་གཏོང་དགོས། བཞི་ནས་ཐོན་སྐྱེད་འཚོ་བའི་རྨང་གཞིའི་སྒྲིག་ཆས་ཞན་པའི་གནད་དོན་ལ་ཁ་གཏད་དེ།ཤང་གྲོང་རྡལ་གྱིས་དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ལ་གྲོས་སྡུར་བྱས་ཏེ་ལས་གཞི་བརྩོན་ལེན་བྱས་ནས་གནད་དོན་ཐག་གཅོད་བྱེད་དགོས། དུས་མཚུངས་སུ་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར་ཤང་གྲོང་རྡལ་སོ་སོས་བཀག་སྡོམ་རྩྭ་ས་དང་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད།ལས་རེས་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། རོང་འབྲོག་མང་ཚོགས་ཀྱིས་ལོ་སར་སྐྱིད་པོ་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་སྐབས་ཚེ་ཁོ་སྐྱིད་ཀྱིས་མགོ་མང་གྲོང་རྡལ་གྱི་ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་དང་མང་ར་ཞང་གི་ཕྱུགས་སྐྱུར་ནགས་སྐྲུན་གྱི་ཕན་འབྲས། ཆུ་ལོག་སྔོན་འགོག་གི་འཛུགས་སྐྲུན། གྲམ་གཞུང་གི་བྱེ་འདམ་སོགས་ཀྱི་གནས་ཚུལ་ལ་ཡང་ལྟ་ཞིབ་བྱས་པ་རེད།