རྟ་ཐང་རྫོང་གི་ནགས་ཚལ་གྱི་ཁེབས་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཟིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ1ཚེས8ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་རྒྱུས་ལོན་བྱུང་པ་ལྟར་ན། མིག་སྔའི་བར་དུ་རྟ་ཐང་རྫོང་གི་ནགས་ཚལ་གྱི་ཁེབས་ཚད་དེ43.3%ལ་སླེབས་པ་དང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། རྟ་ཐང་ཡའོ་ཙི་གྲོག་རོང་རྒྱལ་ཁབ་ནགས་ཚལ་ཁམས་བདེ་རྟེན་གཞི་དེ་རྒྱལ་ཁབ་རིམ་པའི་ནགས་ཚལ་ཁམས་གསོ་ཚོད་ལྟའི་ས་ཁུལ་དུ་བདམས་པ་རེད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། རྟ་ཐང་རྫོང་གིས་ལོ་འདི་དག་གི་རིང་ལ་ཟི་ལིང་ལྷོ་བྱང་རི་བོ་གཉིས་ཀྱི་ལྗང་སྒྱུར་དུས་རིམ་གསུམ་པར་སྐུལ་འདེད་བྱས་ཤིང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་བཟོ་སྐྲུན་དང་ནགས་ཚལ་སྲུང་སྐྱོབ་སྔོན་འགོག་བཟོ་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་མིས་བཟོས་ནགས་ཚལ་བཟོ་སྐྲུན་དང་རི་བོའི་བཀག་སྡོམ་ནགས་ཚལ་གསོ་སྐྱོང་། རྨོ་བསྐྱུར་ནགས་ལས་བཅོས་སྒྱུར། ནགས་ཚལ་གསོ་སྐྱོང་སོགས་ཀྱི་འཛུགས་སྐྲུན་འགན་འཁྲི་ལག་བསྟར་བྱས། ད་ལྟའི་བར་མིས་རྩོལ་བར་བརྟེན་ནས་ནགས་ཚལ་སྤྱི་ཆིངས་ཁྲི2ལྷག་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་།ནགས་ཚལ་གྱི་གསོ་སྐྱོང་སྤྱི་ཆིངས་ཁྲི1.55 རི་ཁུལ་བཀག་སྡོམ་ནགས་འཛུགས་སྤྱི་ཆིངས་ཁྲི3.9བཅས་ལེགས་འགྲུབ་བྱུང་ཡོད། རྨོ་སྐྱུར་ནགས་སྐྲུན་སྤྱི་ཆིངས་ཁྲི1དང་རྣམ་པ་གསར་པའི་རྨོ་སྐྱུར་ནགས་སྐྲུན་སྤྱི་ཆིངས0.55བཅས་སྲིད་འཛིན་སྡེ་གསར189ལ་ལྗང་སྒྱུར་བཟོ་སྐྲུན་བྱས་ཡོད། ལན་ཀྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཟི་ལིང་ནས་རྟ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ལམ་ཐིག227གྱི་རྒྱལ་ཁབ་གཞུང་ལམ་སྤྱི་ཆིངས523.33ལ་ལྗང་སྒྱུར་བྱས་ཤིང་། ལྗང་སྒྱུར་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ24.5ཡོད། ལྷོ་བྱང་རི་བོ་གཉིས་ཀྱི་དུས་རིམ་གསུམ་པའི་བཟོ་སྐྲུན་ཁྲོད་ལྗང་སྒྱུར་སྤྱི་ཆིངས1733.3ལེགས་འགྲུབ་བྱུང་བ་དེ་ནི་འཆར་གཞི་ལས་ལོ2ཀྱིས་སྔ་བ་རེད།

དེ་དང་ཆབས་ཅིག རྫོང་དེས་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་སྒྲིག་སྲོལ་གྱི་གསར་གཏོད་ལ་ཧུར་ཐག་གིས་འཚོལ་བཤེར་བྱས་ནས་སྲིད་གཞུང་གི་མ་དངུལ་འཇོག་པ་གཏན་ཁེལ་དང་ས་གནས་ཀྱི་རམ་འདེགས། སྤྱི་ཚོགས་ཀྱི་བྱེད་ནུས་གཙོ་བོ་སོགས་སྣ་མང་སྒྲིག་གཞི་གཏོང་འཇོག་བྱས་ཡོད་ཅིང་། སྔོན་ལ་གསར་འཛུགས་དང་རྗེས་ནས་ཁ་གསབ་བྱེད་པ། བྱ་དགའི་རྣམ་པ་ལ་བརྟེན་ནས་ཁ་གསབ་བྱེད་པ་སོགས་ཀྱི་སྒྲིག་གཞི་ལ་བརྟེན་ནས་ནགས་འཛུགས་དུད་ཁྱིམ་ཆེན་མོ་དང་ཞིང་བའི་མཉམ་ལས་ཁང་། སྣེ་ཁྲིད་ནུས་པ་ལྡན་པའི་ཁེ་ལས་པ་སོགས་རྣམ་པ་གསར་པའི་ནགས་ལས་ཚོང་གཉེར་གཙོ་བོར་བརྟེན་ནས་ཐོན་ཁུངས་གསར་པའི་ལས་གཉེར་བདག་དོམ་རྣམ་གཞག་གསར་གཏོད་བྱས། ལོ་རེར་འོས་འགན་སྡོང་འཛུགས་ནགས་སྐྲུན་དུ་ཞུགས་པའི་མི་གྲངས་ཁྲི105ལྷག་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ནགས་སྐྲུན་རྐང་ཁྲི785ལེགས་འགྲུབ་བྱུང་ཡོད་པ་རེད།

ལོ་ཙཱ་བ། རྟ་མགྲིན་དཔལ།