སློབ་ཆེན་པ་འདི་དག་ལ་སྲིད་གཞུང་གིས་བྱ་བ་བཀོད་སྒྲིག་བྱ་རྒྱུ་ཡིན་པ།

སློབ་གསོ་པུའུ་ནས་གཞུང་དངུལ་དགེ་འོས་སློབ་མ་ཡོངས་སློབ་གྲྭ་ནས་མ་ཐོན་གོང་ངེས་པར་དུ་དགེ་རྒན་བྱ་ཡུལ་སློབ་གྲྭ་ཡོད་དགོས་པ་བསྟན་ཡོད།

ཉེ་སྔོན། སློབ་གསོ་པུའི་གཞུང་དོན་ཐིང་གིས《༢༠༡༩ལོའི་སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་གྲྭ་ཆེན་མོའི་གཞུང་དངུལ་དགེ་འོས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》ཞེས་པ་དཔར་འགྲེམ་བྱས་ནས། 2019ལོར་མཐར་ཕྱིན་པའི་སློབ་གསོ་པུའི་ཁོངས་གཏོགས་དགེ་འོས་སློབ་གྲྭ་ཆེན་མོའི་གཞུང་དངུལ་དགེ་འོས་སློབ་མ་ཡོངས་རྫོགས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་བཀོད་སྒྲིག་བྱ་རྒྱུ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 《བརྡ་ཐོའི》ནང་དུ་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་ཁག་གིས་སྒྲིག་ཁོངས་སྟོང་པ་སྤྱད་ནས་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྔོན་ལ་བཀོལ་ནས། ལས་ཞུགས་ཆ་རྐྱེན་དང་མཐུན་པའི་གཞུང་དངུལ་དགེ་འོས་སློབ་མ་ཡོངས་རྫོགས་ལ་དགེ་རྒན་བྱ་ཡུལ་སློབ་གྲྭ་ཐག་གཅོད་བྱེད་དགོས་པ་མ་ཟད་སྒྲིག་ཁོངས་དང་ལས་གནས་བཀོད་སྒྲིག་བྱ་རྒྱུ་འགན་སྲུང་བྱེད་དགོས་པ་དང་། སྒྲིག་ཁོངས་ཡོད་ཀྱང་ཁ་མི་གསབ་པའི་གནས་ཚུལ་གཏན་འགོག་བྱེད་དགོས་པ་བསྟན་ཡོད།

བརྡ་ཐོའི་ནང་ད་དུང་།

2019ལོའི་ཟླ5བའི་ཟླ་མཇུག་སྔོན་ལ་གཞུང་དངུལ་དགེ་འོས་སློབ་མ90%ཡོངས་ཕན་ཚུན་གདམ་ག་བརྒྱུད་ནས་དགེ་རྒན་བྱ་ཡུལ་སློབ་གྲྭ་དོན་འཁྱོལ་བྱ་རྒྱུ་ཁག་ཐེག་བྱེད་དགོས་པ་དང་། 2019ལོའི་ཟླ6པའི་ཟླ་མཇུག་བར་སྔར་བཞིན་ལས་ཀ་མ་རེག་པའི་གཞུང་དངུལ་དགེ་འོས་སློབ་མ་ཚོའི་ཡིག་ཚགས་དང་ཐེམ་ཐོ་སོགས་སྐྱེས་ཁུངས་གནས་སའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་དུ་སྤོ་སྒྱུར་བྱས་ཏེ། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཅིག་གྱུར་གྱིས་དགེ་རྒན་དཀོན་པའི་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱེད་པར་བསྐྱོད་པར་བཀོད་སྒྲིག་བྱེད་དགོས་པ་དང་། གཞུང་དངུལ་དགེ་འོས་སློབ་མ་སློབ་གྲྭ་ནས་མ་ཐོན་གོང་ངེས་པར་དུ་དགེ་རྒན་བྱ་ཡུལ་སློབ་གྲྭ་དོན་འཁྱོལ་བྱུང་དགོས་པ་བཏོན་ཡོད།

བརྡ་ཐོའི་ནང་ད་དུང་གྲོས་ཆོད་ཀྱི་བརྩི་སྲུང་ལ་དོ་དམ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

དམིགས་བསལ་རྒྱུ་རྐྱེན་མེད་ཚེ་ལོ་དེ་རང་ལ་ཐོན་པའི་གཞུང་དངུལ་དགེ་འོས་སློབ་མས་སློབ་མཐར་མ་ཕྱིན་གོང་ངེས་པར་དུ་གྲོས་ཆོད་ལག་བསྟར་བྱེད་དགོས་པ་དང་། གཞུང་དངུལ་དགེ་འོས་སློབ་མ་ནད་ཀྱི་དབང་གིས་དགེ་རྒན་བྱ་བར་མི་འཚམ་པ་སོགས་དམིགས་བསལ་རྒྱུ་རྐྱེན་གྱིས་གྲོས་ཆོད་ལག་བསྟར་བྱ་མ་ཐུབ་ཚེ། ངེས་པར་དུ་སྐྱེས་ཁུངས་གནས་སའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་འགོད་དགོས་པ་མ་ཟད་གཏན་འབེབས་ལྟར་སློབ་ཡོན་མི་དགོས་པའི་སློབ་གསོའི་གྲོན་དངུལ་དང་གྲོས་ཆོད་ལས་འགལ་བའི་དངུལ་ཆད་ཕྱིར་སྤྲོད་དགོས་ལ། དགེ་འོས་སློབ་མའི་གཞུང་དངུལ་སློབ་གསོའི་གྲོས་མཐུན་ཕྱིར་འཐེན་དང་ཡང་བསྐྱར་ལས་ཞུགས་ལ་མངགས་དགོས། ལས་ཐོག་ཏུ་སློབ་གསོ་ཆེད་ལས་ཀྱི་རབ་འབྱམས་པ་སློབ་གཉེར་བྱེད་མཁན་ཡིན་ན་སློབ་གྲྭའི་ཕྱོགས་ནས་སློབ་ཁོངས་མེད་པར་བཟོ་དགོས།

ཉེ་དུས། ས་གནས་ཁག་གི་སློབ་གསོ་གཙོ་སྐྱོང་སྡེ་ཁག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་འབྲེལ་ཡོད་བརྡ་ཁྱབ་ཡོངས་བསྒྲགས་བྱས་ནས། སློབ་གསོ་པུའི་ཁོངས་གཏོགས་དགེ་འོས་སློབ་ཆེན་གྱི་གཞུང་དངུལ་དགེ་འོས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚང་མའི་ལས་གནས་དོན་འཁྱོལ་བྱེད་བཞིན་ཡོད་པ་མ་ཟད་གྲོས་ཆོད་ལག་བསྟར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཞུང་དངུལ་དགེ་འོས་སློབ་མར་སློབ་ཐོན་དང་ལས་ཞུགས་ཁོར་ཡུག་བཟང་པོ་ཞིག་གཏོད་བཞིན་ཡོད།