མཚོ་སྔོན་དུ་ཆིག་རྐྱང་གི་ཤོང་ཚད་ཆེས་ཆེ་བའི་རང་རྒྱལ་གྱི་རླུང་ཤུགས་གློག་འདོན་ལས་གཞི་ཞིག་གཉེར་འགོ་བརྩམས་པ།

ཟླ1པོའི་ཚེས3ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་ཟི་ལིང་ནས་སྤེལ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་ཤུགས་མ་དངུལ་གཏོང་འཇོག་སྡེ་ཤོག་རྨ་ཆུ་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་ནས་ཤེས་གསལ་ལྟར་ན། ཉེ་ལམ་ཀུང་སི་དེས་མཚོ་སྔོན་དུ་མ་དངུལ་བཏང་སྟེ་བསྐྲུན་པའི་ཆིན་ཝ་ཁྲི85ཅན་གྱི་མོ་ཧི་རླུང་གློག་ར་བ་དངོས་སུ་གཉེར་འགོ་བརྩམས་ཤིང་། དེ་ནི་ད་ཕན་རྒྱལ་ནང་དུ་ཆིག་རྐྱང་གི་ཤོང་ཚད་ཆེས་ཆེ་བའི་རླུང་ཤུགས་གློག་འདོན་ལས་གཞི་ཡིན་པར་བཤད།

གོང་གི་ལས་གཞི་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཁོངས་སུ་ཡོད་ཅིང་། ས་བབ་མཐོ་ཚད་སྨི3000དང་། ཆིན་ཧྥུ330ཡི་འཕར་གནོན་ས་ཚིགས་དང་ལེ་དབར204ཡི་སྐུད་ལམ་སོགས་ལྷུ་ལག་ཆ་ཚང་བསྒྲིགས་ནས2018ལོའི་ཟླ5པར་དངོས་སུ་བསྐྲུན་འགོ་བརྩམས་ཤིང་། གློག་ཚིགས་དེས“ལས་རེས་མི་དགོས་པའི”རྩ་དོན་ལྟར་གློག་ཚིགས་ཁ་ལོ་རྒྱང་སྒྱུར་ལ་བརྟེན་ནས་སྙོམ་སྒྲིག་དང་། གཞི་གྲངས་ཆེ་ཤོས་ལ་དབྱེ་ཞིབ་བྱེད་ཐུབ་པར་བྱས་པས། གློག་ཚིགས་ཧྲིལ་པོའི་འཁོར་རྒྱུག་ལ་ཕན་འབྲས་མངོན་གསལ་བྱུང་།

ཤེས་གསལ་ལྟར་ན། གློག་ཚིགས་འཁོར་རྒྱུག་བྱས་རྗེས་ལོ་ཧྲིལ་པོར་ཆུ་ཚོད་རེར་བཀོལ་སྤྱོད་བཏང་ཚུལ་ཆུ་ཚོད2000ཡན་ལ་སླེབས་ཤིང་། ལོ་ཧྲིལ་པོའི་གློག་འབོར་ཆུ་ཚོད་རེར་ཆིན་ཝ་དུང་ཕྱུར18ལ་ཟིན། དེ་ནི་སྲོལ་རྒྱུན་མེ་ཤུགས་གློག་འདོན་དང་བསྡུར་ན་ལོ་རེར་ཚད་གཞིར་བཟུང་བའི་རྡོ་སོལ་ཧ་ལམ་ཏུན་ཁྲི60གྲོན་ཆུང་ཐུབ་ཡོད་པ་དང་། སོལ་རྡུལ་ཧ་ལམ་ཏུན་ཁྲི0.76དང་། དབྱང་གཉིས་ཐཱན་འགྱུར་ཧ་ལམ་ཏུན་ཁྲི180ཇེ་ཉུང་དུ་བཏང་ཡོད་པ་རེད།

མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ། ཉེ་བའི་ལོ་ཤས་ནང་དུ་ཐོན་ཁུངས་ཀྱི་སྒྲིག་གཞི་བརྗེ་སྒྱུར་ལ་ཤུགས་བརྒྱབ་ནས་མཚོ་ནུབ་དང་མཚོ་ལྷོ་རུ་ཆིན་ཝ་འབུམ་ལྡན་རིམ་པ་ཅན་གྱི་ནུས་ཁུངས་གསར་པའི་རྟེན་གཞི་མགྱོགས་པོར་བཙུགས་པ་དང་། ལྗང་མདོག་ནུས་ཁུངས་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱས་པས། ཉི་ནུས་དང་རླུང་ནུས་ཀྱི་གློག་འདོན་ཐོན་ལས་མགྱོགས་པོར་གོང་སྤེལ་བྱུང་། ད་སྔ་མཚོ་སྔོན་གྱི་ནུས་ཁུངས་གསར་པའི་སྒྲིག་སྦྱོར་དེ་ཆུ་ནུས་གློག་འདོན་ལས་བརྒལ་ཏེ་ཆེས་ཆེ་བའི་མཚོ་སྔོན་གྱི་གློག་ཁོངས་དང་པོར་གྱུར།

ཁོན་ཐར་འཚོས་བསྒྱུར།