ལྷ་རིས་སྒྱུ་རྩལ་པ་ཞིག་གི་མི་ཚེའི་བགྲོད་ལམ།

མདོ་སྨད་ས་ཡི་ཐིག་ལེ། མདོ་སྔགས་བསྟན་པའི་འབྱུང་ཡུལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནི་ས་ལ་དགེ་བཅུ་ཚང་ཞིང་། འདོད་ཡོན་ལོངས་སྤྱོད་ཀྱི་དཔལ་ཡོན་མཁའ་དང་མཉམ་པ་མ་ཟད། གནམ་གྱིས་ས་ཁེབས་པ་ལྟ་བུའི་མདོ་སྔགས་རྒྱུད་སྡེ་བཞི་ལ་ནང་བྱན་ཆུད་པའི་མཁས་དབང་རིམ་བྱོན་ཟམ་མ་ཆད་པར་སྐྱེ་འགྲོ་ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་རྣམ་པར་རོལ་བས་ན། རེབ་གོང་སྒྱུ་རྩལ་ཞེས་པའི་མཚན་ཙམ་བོས་ན་གངས་ཅན་སྐྱེ་འགྲོ་ཡོངས་ཀྱིས་མི་ཤེས་མཁན་མེད་པའི་སྒྱུ་རྩལ་གྱི་ཞིང་བཀོད་མངོན་པར་མཛེས་ཤིང་།ལྷ་རིས་སྒྱུ་རྩལ་ནི་རེབ་གོང་སྒྱུ་རྩལ་གྱི་མེ་ཏོག་ལྡུམ་རའི་ཁྲོད་ཀྱི་བཀྲག་མདངས་རྣམ་པར་འཚེར་བའི་མེ་ཏོག་གི་ཕོན་པོ་འབའ་ཞིག་ལགས་སོ།

དུས་ད་ལྟའང་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་དེར་རྒྱལ་ཁབ་ཀྱིས་གཙིགས་ཆེན་བྱས་པ་དང་བསྟུན། བོད་བརྒྱུད་ནང་བསྟན་ལས་འཕྲོས་པའི་ལྷ་རིས་སྒྱུ་རྩལ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཀྱི་ཁོངས་སུ་བདམས་ཡོད། སྤྱི་ལོ་དུས་རབས་བཅུ་བཞི་པ་ཡས་མས་སུ་བོད་བརྒྱུད་ནང་བསྟན་ཆེས་ཐོག་མར་གཞི་ཁྱོན་ཆེན་པོའི་སྒོ་ནས་མདོ་ཁམས་ཡུལ་དུ་དར་འགོ་བརྩམས་པ་དང་། དུས་རབས་བཅོ་ལྔ་བའི་རྗེས་ནས་གནས་འདིར་ས་སྐྱ་བ་དང་དགེ་ལུགས་པའི་གྲུབ་མཐའ་བསྟུད་མར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ག་ས་གང་དུ་ནང་པའི་དགོན་སྡེ་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བཞེངས་པའི་མཐོ་རླབས་འཕྱུར། རེབ་གོང་ལྷ་རིས་སྒྱུ་རྩལ་ནི་གཙོ་བོར་སེང་གེ་གཤོང་དང་སྒོ་དམར། གཉན་ཐོག རྐ་སར་སོགས་ཡུལ་སྡེ་དུ་མའི་སྐྱེ་འགྲོ་རྣམས་ཀྱིས་ཕ་མེས་ཡང་མེས་རིང་གི་ལྷ་རིས་སྒྱུ་རྩལ་གྱི་ཕྱག་སྲོལ་བཟང་པོ་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་གནང་འོང་པ་ཞིག་ཡིན།

ལྷ་རིས་སྒྱུ་རྩལ་གྱི་རྒྱུད་འཛིན་པ་ཤ་བོ་ཚེ་བརྟན་ལགས་ནི1974ལོར་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་གཉན་ཐོག་སྡེ་བ་རུ་སྐྱེས།ད་ལྟ་ཁོས་ཐུན་རིན་རྫོང་གངས་ཅན་རིག་གནས་སྒྱུ་རྩལ་གསར་གཏོད་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན་པ་དང་། རྗེ་ཙོང་ཁ་པའི་རྣམ་ཐར་ཀུན་འདུས་ཀྱི་ཞལ་ཐང་སྨི་སྟོང་ཅན་གྱི་སྤྱི་གཉེར་བ། ཀྲུང་གོའི་སྒྱུ་རྩལ་ལས་རིགས་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་གངས་ཅན་གཏེར་ཚོན་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

ཁོང་རང་གཉན་ཐོག་སྡེ་བའི་དུད་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་།སློབ་འབྲིང་མཐར་ཕྱིན་རྗེས་ཕ་ཡུལ་ནས་རང་གི་ན་མཉམ་གྲོགས་པོ་ཚོ་དང་ལྷན་དུ་ཐང་ག་འབྲི་བཞེངས་ཀྱི་ལས་ལ་མི་ཞུགས་ཐུ་མེད་བྱུང་།གཉན་ཐོག་སྡེ་བ་འདིར་མཚོན་ན་དུད་ཁྱིམ་ལྔ་བརྒྱ་ལྷག་ཡོད་ལ།སྡེ་བ་འདི་ནི་རེབ་གོང་སྒྱུ་རྩལ་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན།སྡེ་བའི་ཕོ་མོ་རྒན་གཞོན་ཚང་མ་སུ་ཡིན་ཡང་ཐང་ག་དང་ཡང་ན་གོས་དྲུབ་སོགས་རེབ་གོང་སྒྱུ་རྩལ་ལས་སྣ་གཅིག་མི་ཤེས་མཁན་གཅིག་ཀྱང་མེད།ལྷ་རིས་སྒྱུ་རྩལ་ལ་དུང་ཞེན་ཆེ་ཞིང་སྦྱང་འདོད་ཀྱི་འདུན་པ་ཡོད་པའི་ལས་དང་པོ་བ་ཞིག་ཡིན་ཚེ།གླ་ཡོན་སྐར་གཅིག་ཀྱང་མི་དགོས་པར་ཁྱིམ་ཚང་སུ་ཚང་ལ་སོང་ནས་སྦྱང་བ་བྱས་ཀྱང་ཆོག སྡེ་བ་འདིའི་སློབ་མ་རྣམས་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་ལོག་རྗེས་ངེས་པར་དུ་ཐང་ག་སོགས་འབྲི་སྦྱང་བྱེད་དགོས་ལ།གལ་ཏེ་ཁྱོད་ཐང་ག་སོགས་འབྲི་སྦྱང་གི་ལས་ལ་མི་ཞུགས་ཚེ།སྡེ་བའི་ནང་དུ་རང་ལ་རྩེད་གྲོགས་ཞིག་ཀྱང་ཁེལ་དཀའ།རྒྱུ་མཚན་ནི་རང་དང་ན་མཉམ་གྱི་བྱིས་པ་ཚང་མས་རང་གི་དགེ་རྒན་དང་ཕ་མའི་མདུན་དུ་ལག་རྩལ་གང་རུང་ཞིག་སྦྱངས་བཞིན་ཡོད་པ་དེ་རེད།ལྷ་རིས་སྒྱུ་རྩལ་པ་ཤ་བོ་ཚེ་བརྟན་ཡང་ཁོ་ཚོ་དང་འདྲ་བར་ཁོམ་ལོང་ཅུང་ཙམ་ཡོད་དུས་ཐང་ག་འབྲི་སྦྱོང་གི་ལས་ལ་ཞུགས་པ་ཡིན།འདི་ལྟ་བུའི་སྒྱུ་རྩལ་གྱི་མཁའ་དབུགས་སྟུག་པོ་ཞིག་གི་འོག་ཤ་བོ་ཚེ་བརྟན་ལའང་སྔོན་གོམས་ཀྱི་བག་ཆགས་ཟབ་མོས་སྒྱུ་རྩལ་འདི་ལ་དུང་བ་ཇེ་ཟབ་དང་འདུན་པ་ཇེ་ཆེར་ཕྱིན་པ་དང་། རང་ཁྱིམ་གྱི་ཆ་རྐྱེན་ཡང་དེ་འདྲའི་བཟང་རྒྱུ་མེད་པས་འཚོ་བར་མཐུན་རྐྱེན་ཅུང་ཙམ་རེ་བསྒྲུབ་ཐུབ་ནའང་ཕ་མའི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་སྙམ་ནས།སློབ་འབྲིང་མཐར་ཕྱིན་རྗེས་རང་ཁྱིམ་དུ་ཐང་ག་དང་སྨན་སྐུ། གོས་དྲུབ། ཚོན་ཐང་། བྲིས་ཐང་། ལྷ་ཆས་མཆོད་རྫས་སོགས་བཞེངས་སྐྲུན་གྱི་ལས་ལ་ཞུགས།ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་བརྩོན་པ་ལས་རིང་པོ་མ་འགོར་བར་ཁོས་རང་ཉིད་ཀྱི་ཐང་གའི་བརྩམས་ཆོས་ཐོག་མ་སྟེ་གུ་རུ་རིན་པོ་ཆེ་འབྲི་བཞེངས་བྱས་ནས་ལེགས་འགྲུབ་བྱུང་བ་དང་། ན་མཉམ་གྲོགས་པོ་རྣམས་ཀྱི་གདེང་འཇོག་དང་དགེ་རྒན་རྣམ་པས་གཟེངས་བསྟོད་བྱས་ཐོག ཁོ་ལ་སྔར་ལས་ལྷག་པའི་སྙིང་སྟོབས་ཤིག་དང་རང་ཉིད་ལ་ཡིད་ཆེས་ཟབ་མོ་ཞིག་སྐྱེས་ནས་མི་ཚེ་ཡི་ཁ་ཕྱོགས་རྙེད་ཅིང་། རང་གིས་བདམ་གསེས་བྱས་པའི་བགྲོད་ལམ་འདི་ཡང་དག་ཞིག་ཡིན་པའི་ངེས་ཤེས་སྐྱེས། དུས་དེ་ནས་བཟུང་ཁོ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ལས་ཀ་འདིར་འབད་འབད་དུང་དུང་བྱས་ཤིང་། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་མཐར་གྲུབ་འབྲས་ཀྱང་སྔར་ལས་འབུར་ཐོན་བྱུང་།

ཕོ་ལོ་ཉི་ཤུར་སོན་མ་ཐག་པའི་ཤ་བོ་ཚེ་བརྟན་ནི་ལང་ཚོའི་ཁོ་ལག་ཡོངས་སུ་རྫོགས་པ་ལྟར། བློ་རིག་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེས་མགྱོགས་པས་ལྷན་སྐྱེས་ཀྱི་ཡོན་ཏན་ཆ་ཚང་བའི་མི་བུ་བློ་གྲོས་ལྡན་པ་ཞིག་ཏུ་གྱུར།སྡེ་བའི་ནང་གི་ལྷ་རིས་སྒྱུ་རྩལ་པ་རྒན་གཞོན་དག་གིས་ཀྱང་ཕྲ་ཆུང་མིག་གིས་བལྟ་ས་དང་དར་ལུང་རྣ་ཡིས་ཉན་ས།རང་གི་བྱིས་པར་སློབ་གསོ་གཏོང་སའི་མི་དཔེ་ལེགས་ཅན་ཞིག་ཏུ་གྱུར་ཡོད་ནའང་།ཁོའི་བསམ་པར་བོད་རྒྱུད་ནང་བསྟན་གྱི་ལྷ་རིས་སྒྱུ་རྩལ་པ་ཚད་ལྡན་ཞིག་བྱེད་དགོས་ན། འདི་རང་གི་སེམས་ལ་འཆར་སྟངས་དང་ལག་ལ་བདེ་སྟངས་ལྟར་འབྲི་བཞེངས་སོགས་བྱས་མི་ཆོག་པར།ངེས་པར་དུ་ནང་བསྟན་གྱི་གཞུང་དང་མཐུན་དགོས་པར་བསམ་ནས། ལོ་ངོ་གཉིས་གསུམ་གྱི་རིང་ལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་རེབ་གོང་རོང་བོ་དགོན་ཆེན་དུ་སོང་ནས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་ནང་བསྟན་གྱི་གཞུང་ལ་སྦྱང་བ་གང་ལེགས་བྱས།ནང་བསྟན་གྱི་གཞུང་ལུགས་ལ་སྦྱང་བ་ནན་གྱིས་བྱས་ཚེ།ད་གཟོད་ཚད་ལྡན་གྱི་ལྷ་སྐུ་བཞེངས་སྐྲུན་བྱེད་ཐུབ།གལ་ཏེ་ནང་བསྟན་གྱི་གཞུང་ལུགས་མ་ཤེས་ཚེ་ལྷ་སྐུ་རེ་རེ་ཡི་མཚོན་དོན་དང་ཆ་བྱད་ཐིག་རྩ་སོགས་ནོར་འགྲོ་བ་ཡིན། དེར་བརྟེན་ཁོས་བཞེངས་པའི་ལྷ་སྐུ་རེ་རེ་ལ་ནང་བསྟན་གྱི་གཞུང་ལུགས་ཁུངས་བཙུན་པ་ཞིག་གིས་རྒྱབ་བརྟེན་བྱས་ཡོད་པ་སྨྲོས་མ་དགོས།

ལོ་རབས་དགུ་བཅུའི་མཇུག་ནས་བཟུང་། ཁོས་རང་རྐྱ་ཐུབ་པའི་སྒོ་ནས་གོས་སྐུ་ཆེན་མོ་བཞེངས་གྲུབ་བྱེད་ཐུབ་ལ། ཁོའི་བརྩམས་ཆོས་ལ་ཚོན་མདངས་རྣམ་པར་བཀྲ་ཞིང་བཀྲག་མདངས་འཚེར་བ།བསླངས་གཟུགས་ཀྱི་ཚོར་སྣང་འབུར་དུ་ཐོན་པ།སྐུའི་ཆ་བྱད་ནང་བསྟན་གྱི་གཞུང་དང་མཐུན་པ་སོགས་ཀྱི་ཁྱད་ཆོས་དུ་མས་ཕྱུག་པས།དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཁས་ལེན་དང་གཟེངས་བསྟོད་མི་བྱེད་མཁན་གཅིག་ཀྱང་མེད།དེ་བས་ཕྱོགས་བཅུའི་དད་ལྡན་མང་ཚོགས་རྣམས་མ་བོས་མགྲོན་པོ་བཞིན་འཁོར་འོངས་ནས། ཁོས་སྔ་གཞུག་ཏུ་ལྷ་སའི་ལྷོ་ཁའི་འབྲུག་པ་ཀུན་མཁྱེན་གླིང་གི་མ་དགོན་དང་ཡུལ་ཤུལ་རྫོང་འབྲུག་པ་ཀུན་མཁྱེན་གླིང་གི་བུ་དགོན།བསང་ཆུ་རྫོང་ཧོར་གཙང་དགོན་པ་དང་གཙོད་ཙ་ཡེ་དགོན་པ། སི་ཁྲོན་ཞིང་ཆེན་རྔ་བའི་སྐྱ་རོ་དགོན་པ་བཅས་སུ་སྨིས70ནས50བར་གྱི་ཚད་མི་འདྲ་བའི་གོས་སྐུ་ཆེན་མོ68ལྷག་བཞེངས་སྐྲུན་བྱས།

གཟེངས་བསྟོད་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ཞེས་པ་ནང་བཞིན་ཁོས་གོས་སྐུ་ཆེན་མོ་རེ་རེ་བཞེངས་ཚར་རྗེས་དད་ལྡན་གྱི་སྦྱིན་བདག་དང་མང་ཚོགས་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བས། ཁོ་ལ་བརྗོད་མི་ཤེས་པའི་ཚོར་འདུ་ཞིག་དང་འགན་འཁྲི་ལྗིད་མོ་ཞིག་ངང་ངམ་ཤུགས་ཀྱིས་ཕྲག་ཏུ་ལྷུང་། དེ་བས་ཁོས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱིས་གནངས་པའི་མཚན་སྙན་དེ་གཙུག་ཏུ་བཀུར་ཏེ། དབེན་གནས་རི་ཁྲོད་དགོན་པ་དག་གིས་ཚོང་རྟགས་བཞག་པའི་གོས་སྐུ་ལེགས་འགྲུབ་ཡོང་ཕྱིར། ལམ་ཐག་ཅི་འདྲའི་རིང་ཡང་དཀའ་ལས་སྐུ་ཚེགས་ལ་མི་འཛེམ་པར་དགོན་པ་དེར་དངོས་སུ་སོང་ནས་གོས་སྐུ་དང་དྲ་བ་དྲ་ཕྱེད། མཆོད་རྫས་སོགས་ཀྱི་རིང་ཐུང་ཚད་འཇལ་བྱས་ཏེ་ཆད་ལྷག་ཅི་ཡང་མེད་པའི་ཚད་ལྡན་ཅན་གྱི་གོས་སྐུ་བཞེངས་པ་དང་། གཞན་པའི་ལྷ་རིས་སྒྱུ་རྩལ་པ་དག་གི་ལེགས་ཆ་བསྡུ་ལེན་དང་སློབ་སྦྱོང་བྱས་ཏེ་རིམ་གྱིས་ལྷ་རིས་སྒྱུ་རྩལ་སྐོར་གྱི་ཤེས་བྱ་དང་ལག་རྩལ་ཇེ་བཟང་ནས་ཇེ་རྒྱས་སུ་གཏོང་བར་འབད་འབུངས་བྱས།

འདི་ལྟར་ཁོའི་བརྩམས་ཆོས་དག་ལ་རྒྱལ་ཁབ་ཕྱི་ནང་གི་མི་སྣས་བརྩི་འཇོག་དང་ཉར་ཚགས་བྱས་འོག རིག་གནས་འདི་ཚད་ལྡན་གྱི་ཚོང་རར་བཀྲམས་ནས་ཚོང་ལས་ཅན་དང་ཚད་ལྡན་ཅན་དུ་འགྱུར་ཐུབ་ན་རང་ཉིད་ལ་ཁེ་སྤོགས་ཀྱང་མི་ཉུང་བ་ཞིག་སྐྲུན་ཐུབ་པར་བསམ། ཡིན་ཡང་ཚད་ལྡན་དང་ཚོང་ར་ཅན་དུ་འགྱུར་དགོས་ན་ཐོག་མའི་ཆ་རྐྱེན་ནི་རང་ཉིད་ལ་དབང་བའི་ཀུང་སི་ཞིག་ངེས་པར་དགོས་ལ། ཀུང་སི་ཞིག་ཡོད་ཚེ་ད་གཟོད་རིག་གནས་འདི་ཚད་ལྡན་ཅན་དང་ཚོང་ལས་ཅན་དུ་བསྒྱུར་ཐུབ་པར་སྙམ་ནས། 2006ལོའི་ཟླ6པར།ས་གནས་མགོ་ཁྲིད་རྣམ་པས་ཐུགས་ཁུར་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁོས་ཐུན་རིན་རྫོང་གངས་ཅན་རིག་གནས་སྒྱུ་རྩལ་གསར་གཏོད་ཚད་ཡོད་ཀུང་སི་བཙུགས། ཀུང་སི་འདིར་གཏན་སྡོད་ཀྱི་ལས་བཟོ་བ25དང་གདན་ཞུས་ལག་རྩལ་པ500ལྷག་ཡོད། སྤྱིར་ཐང་ག་ལའང་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་ཐང་ག་དང་། ལོ་རྒྱུས་སྐོར་གྱི་ཐང་ག རིག་གནས་གོམས་སྲོལ་གྱི་ཐང་ག སྐར་རྩིས་སྐོར་གྱི་ཐང་ག གསོ་རིག་གི་ནང་དོན་མཚོན་པའི་ཐང་ག་སོགས་རྣམ་པ་སྣ་ཚོགས་ཡོད་དེ། ཀུང་སི་འདིས་གཙོ་བོར་བྲིས་རིས་དང་འཇིམ་སྐུ། རྡོ་བརྐོས་མ་ཎི། གཙགས་དྲུབ། རྡུལ་ཚོན་ཕྱེ་མ། མཆོད་ཁང་དང་འདུ་ཁང་གི་དྲ་བ་དྲ་ཕྱེད་སོགས་བོད་ཀྱི་མཆོད་རྫས་ཀྱི་རིགས་སྣ་ཚོགས་བཞེངས་སྐྲུན་བྱེད་བཞིན་ཡོད། 2011ལོར། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་རེབ་གོང་གི་ལྷ་རིས་སྒྱུ་རྩལ་མངོན་པར་མཚོན་པའི་རྗེ་ཙོང་ཁ་པའི་རྣམ་ཐར་གྱི་ཞལ་ཐང་ཆེན་མོ་ཞིག་བཞེངས་པའི་ཇུས་གཞི་བཏོན་ཞིང་། ཤ་བོ་ཚེ་བརྟན་གྱིས་ཞལ་ཐང་ཆེན་མོ་འདི་འབྲི་བཞེངས་ཀྱི་སྤྱི་གཉེར་བ་དང་བཞེངས་སྐྲུན་པའི་འགན་བཞེས་དགོས་བྱུང་།

ཁོས་འགན་འཁྲི་ལྗི་མོ་འདི་ཕྲག་ཏུ་བླངས་པ་ནས་བཟུང་ཁོ་ལ་སྔར་མེད་ཀྱི་གནོན་ཤུགས་ཆེན་མོ་ཞིག་སྐྱེས་ལ། རྗེ་ཙོང་ཁ་པ་ནི་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་མཁན་ཡིན་པས།ཁོང་ཉིད་ཀྱི་རྣམ་ཐར་བཞེངས་པར་དངོས་ནས་དཀའ་ལས་ཁག་པོ་འདུག་ཕྱིར། ཁོས་བོད་ཡུལ་གྱི་རི་ཆུང་ལུང་གསུམ་བརྒལ་ནས་མི་སྣ་གྲགས་ཅན་དང་ཆོས་ལུགས་མི་སྣ།ཆེད་མཁས་མི་སྣ།ལྷ་རིས་སྒྱུ་རྩལ་པ་སོགས་ཀྱི་མདུན་སར་སོང་ནས་བློ་འདྲི་དང་བཞེངས་སྐྲུན་གྱི་ཐབས་ལམ་སོགས་བློ་འདྲི་དང་འཚོལ་སྡུད་བྱས་པ་མ་ཟད། རང་ཉིད་ཀྱིས་ཀྱང་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་དང་རྗེ་གསང་བའི་རྣམ་ཐར།འབྲུག་རྒྱལ་དབང་ཆོས་རྗེ་ཡིས་མཛད་པའི་རྗེ་རིན་པོ་ཆེ་ཡི་རྣམ་ཐར་ཆེན་མོ་སོགས་ལ་ཡང་ནས་བསྐྱར་དུ་བཀླགས་རྗེས།ཞིབ་རྒྱས་ཅུང་འཚམ་པའི་འབྲུག་རྒྱལ་དབང་ཆོས་རྗེ་ཡི་རྗེ་རིན་པོ་ཆེ་ཡི་རྣམ་ཐར་ཆེན་མོ་གཞིར་བཟུང་ནས་དོན་ཚན་བཅུ་གསུམ་དང་ཐང་ག800ལྷག་གིས་གྲུབ་པའི་རྗེ་རིན་པོ་ཆེ་ཡི་རྣམ་ཐར་ཞལ་ཐང་ཆེན་མོ་འདི་བཞེངས་སྐྲུན་གྱི་ལས་ལ་ཞུགས།ཁོས་ཞལ་ཐང་ཆེན་མོ་འདི་བཞེངས་སྐབས་ལྷ་སྐུའི་ཐིག་རྩ་ཡི་ཚད་ཐིག་དང་། ལྷ་སྐུ་བཞེངས་སྐྲུན་གྱི་ཚེ་ཚོན་བྱུགས་ཀྱི་ཞིབ་ཚགས་བཅས་ལ་གཟབ་ནན་གྱིས་མཛུབ་ཁྲིད་བྱས་པར་མ་ཟད། གཙོ་བོ་མགོ་རས་གཞི་བརྡར་བ། རས་གཞི་རྒྱངས་ཤིང་ལ་བརྒྱངས་པ། སྐྱ་ཐིག་འཕེན་པ། ཚོན་གཏོང་བ། མདངས་བྱུགས་པ། གསེར་རྩི་རྒྱག་པ། གཟི་བརྡར་བ། ཞིབ་དག་བྱེད་པ།གོང་བཤམས་འདོགས་པའི་བར་གོ་རིམ་གཅིག་ཀྱང་མ་ལུས་པར་རེ་རེ་བཞིན་ཁོའི་ལག་མ་བརྒྱུད་པ་གཅིག་ཀྱང་མེད། ཁྱད་པར་དུ་ཚོན་གྱི་སྡེབ་ཁའི་ཐད་ལ་གཡུ། བྱུ་རུ། གསེར། མུ་མེན། མུ་ཏིག པད་མ་རཱ་ག་སོགས་རང་བྱུང་གི་རིན་པོ་ཆེ་མཐའ་དག་བཀོལ་སྤྱོད་བྱས་ཡོད་པས་ཚོན་རྩི་ཡི་མདངས་མི་འགྱུར་བ་བཀྲག་མདངས་འཚེར་བ་བཅས་དགེ་མཚན་དུ་མས་ཕྱུག་པའི་ཞལ་ཐང་ཆེན་མོ་ཞིག་ཡིན །

ཤ་བོ་ཚེ་བརྟན་ལགས་ཀྱིས་ལོ་ངོ་མང་པོའི་རིང་རེབ་གོང་ལྷ་རིས་སྒྱུ་རྩལ་ཐད་ལ་ཞེ་ཐག་པ་ནས་འཚོལ་ཞིབ་དང་སྔོག་འདོན་བྱས་མཐར། ཁོས་བོད་ཀྱི་གཏེར་ཚོན་རིག་གནས་འདི་ད་ལྟ་ལག་ལེན་བེད་སྤྱོད་གཏོང་བཞིན་པ་ཅུང་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་བབ་འདི་ལ་དམིགས་ནས། ཆེད་དུ་གཏེར་ཚོན་རིག་གནས་འབུར་དུ་བཏོད་པའི་མཚོ་སྔོན་གངས་ཅན་གཏེར་ཚོན་ཚད་ཡོད་ཀུང་སི་བཙུགས་པ་དང་། དེ་ལས་བོད་ཀྱི་གཏེར་ཚོན་རིག་གནས་སྔོག་འདོན་དང་ཞིབ་འཇུག་བཅས་བྱས་ཏེ་ཉམས་པ་སོར་ཆུད་མ་ཉམས་གོང་འཕེལ་དུ་གཏོང་བཞིན་ཡོད། དེར་བརྟེན་ཁོ་ལ་རྒྱལ་ཁབ་ཕྱི་ནང་གི་མཚན་སྙན་མང་པོ་ཞིག་ཐོབ། 2007ལོའི་ཟླ7པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཁོའི་བརྩམས་ཆོས་ལ་གཙགས་དྲུབ་བཟོ་སྐྲུན་གྱི་དཔྱད་ཞིབ་ཚད་ལྡན་ཁས་ལེན་ཐོབ།

2005ལོར། སངས་རྒྱས་སྨན་བླ་ཞེས་པའི་གཙགས་དྲུབ་ལ་སྐབས་གསུམ་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་མཐོ་སྒང་སྐར་ཆེན་ཞེས་པའི་སྒྱུ་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། 2007ལོར། མཚོ་སྔོན་ཞིང་ཆེན་བཟོ་རྩལ་མཛེས་རིས་སློབ་དཔོན་དམངས་ཁྲོད་བཟོ་རྩལ་སློབ་དཔོན་གྱི་རིམ་པ་གསུམ་པའི་མཚན་སྙན་ཐོབ། 2007ལོར།སྐབས་ལྔ་པའི་མཚོ་སྔོན་མི་རིགས་དམངས་ཁྲོད་བཟོ་རྩལ་མཛེས་རིས་བརྩམས་ཆོས་འགྲེམ་སྟོན་དུ་བྱ་དགའ་ཨང་གསུམ་པ་ཐོབ། 2007ལོར།གཙགས་དྲུབ་བརྩམས་ཆོས་རྗེ་བཙུན་འཇམ་པའི་དབྱངས་ཞེས་པར་སྐབས་ལྔ་པའི་མཚོ་སྔོན་མི་རིགས་དམངས་ཁྲོད་བཟོ་རྩལ་མཛེས་རིས་བརྩམས་ཆོས་འགྲེམ་སྟོན་ཐོག་རྨ་འབྲིའི་འབྱུང་ཁུངས་ཀྱི་གཙོད་ཀྱི་བུམ་པ་རྟགས་ཅན་གྱི་བྱ་དགའ་ཨང་གསུམ་པ་ཐོབ། 2010ལོར། མཚོ་སྔོན་མཛེས་རིས་སློབ་དཔོན་ཆེན་མོ་དང་།དམངས་ཁྲོད་བཟོ་རྩལ་སློབ་དཔོན་ཆེན་མོ། མཚོ་སྔོན་ཞིང་ཆེན་རིམ་པའི་དམངས་ཁྲོད་བཟོ་རྩལ་སློབ་དཔོན་ཆེན་མོ་སོགས་ཀྱི་མཚན་སྙན་ཐོབ། 2010ལོར། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་འབུར་ཐོན་བཞག་པའི་མི་སྣ་འཇོན་ཐང་ཅན་གྱི་དགའ་སྟོན་མཛད་སྒོའི་ཧྲང་ཧེ་རྒྱལ་སྤྱིའི་འགྲེམ་སྟོན་གྱི་ཕུལ་བྱུང་བྱས་རྗེས་དང་གཟི་བརྗིད་ཀྱི་གྲུབ་འབྲས་ལ་ལྷན་དུ་བདེན་དཔང་བྱེད་པ་ཞེས་པའི་བྱ་འགུལ་དུ་གདན་ཞུ་བྱས། 2010ལོར། མཚོ་སྔོན་བཟོ་རྩལ་མཛེས་རིས་སློབ་དཔོན་ཆེན་མོ་དང་།དམངས་ཁྲོད་བཟོ་རྩལ་སློབ་དཔོན་ཆེན་མོ།དམངས་ཁྲོད་བཟོ་རྩལ་སློབ་དཔོན་དཔྱད་འཇོག་ལྷན་ཚོགས་བཅས་ཀྱི་ཞིབ་དཔྱད་བརྒྱུད་ནས་ཞིབ་དཔྱད་མགོ་ཁྲིད་ཚན་ཆུང་གིས་ཆོག་མཆན་བྱས་པར་བརྟེན་ཏེ། མཚོ་སྔོན་ཞིང་ཆེན་རིམ་པ་གཉིས་པའི་དམངས་ཁྲོད་བཟོ་རྩལ་སློབ་དཔོན་སོགས་ཀྱི་མཚན་སྙན་ཐོབ།

ཁོས་བོད་ཀྱི་སྲོལ་རྒྱུན་བྲིས་རིས་སྨན་ཐང་ལུགས་ཀྱི་དགེ་མཚན་རྒྱུན་འཛིན་དང་། རེབ་གོང་ས་ཁུལ་གྱི་བོད་རིགས་དང་ཧོར་རིགས་ཀྱི་མཛེས་དཔྱོད་ལྟ་བ་ཟུང་འབྲེལ་བྱས་ཏེ། བཞེངས་སྐྲུན་བྱས་པའི་ལྷ་རིས་སྒྱུ་རྩལ་ནི་བཟོ་རྩལ་ངོ་མཚར་ཞིང་ཞིབ་ཚགས་ཡིན་པ་དང་། བོད་བརྒྱུད་ནང་བསྟན་བྲིས་རིས་སྒྱུ་རྩལ་གྱི་དཔེ་གཞི་ལྟ་བུ་ཡིན་ལ། རང་རྒྱལ་གྱི་རིག་གནས་ཤུལ་བཞག་ཁྲོད་ཀྱི་གཅེས་ནོར་ཡང་ཡིན། ནང་དོན་ཐད་ལའང་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་དང་དམངས་སྲོལ། སྒྱུ་རྩལ། ཆོས་ལུགས་སོགས་ཀྱི་ནང་དོན་འདུ་ཞིང་།དོན་གཏིང་ཟབ་ཅིང་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་གྲུབ་པའི་རྨང་གཞིའི་སྟེང་ཁོས་རིམ་བྱོན་བཟོ་རྩལ་མཁན་པོའི་ལེགས་ཆ་བསྡུ་ལེན་དང་འབད་བརྩོན་བྱས་པ་བརྒྱུད་ཁོས་བཞེངས་སྐྲུན་བྱས་པའི་གཙགས་དྲུབ་ཀྱི་མཚན་སྙན་བ་དན་དཀར་པོ་སྲིད་པའི་རྩེ་ན་གཡོ།ཁོའི་བརྩམས་ཆོས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ནང་བསྟན་དགོན་སྡེ་སོ་སོ་དང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་སོ་སོ་ན་དད་ལྡན་མང་ཚོགས་དང་ལྟ་སྐོར་བ་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད་པ་དང་། ཁྱད་པར་དུ་བོད་ཁུལ་གྱི་བཟོ་རྩལ་པ་མི500ལྷག་གིས་ལོ་ངོ་གསུམ་གྱི་རིང་ལ་འབད་བརྩོན་བྱས་པའི་འབྲས་བུ་སྟེ་སྨི1270ཡོད་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཞལ་ཐང་ཆེན་མོ་ཕུན་སུམ་ཚོགས་པའི་ངང་ནས་ལེགས་གྲུབ་བྱུང་ཡོད་པ་རེད།ཁྱད་པར་དུ་ཐང་གའི་སྒྱུ་རྩལ་ནི་རེབ་གོང་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་ཉིང་བཅུད་ལྟ་བུ་ཡིན་པས། ཀྲུང་གོའི་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་གཟི་འོད་རབ་ཏུ་འཕྲོ་ཞིང་མཚོ་བོད་མཐོ་སྒང་གི་མེ་ཏོག་ཆུན་པོ་ཞེས་འབོད།

ཤ་བོ་ཚེ་བརྟན་གྱི་སེམས་སུ། རིག་གནས་ནི་ཇི་ལྟར་མི་རིགས་ཀྱི་ཡིན་ན་དེ་ལྟར་འཛམ་གླིང་གི་ཡིན་ཞེས་པ་ལྟར།བོད་ཀྱི་རིག་གནས་འཛམ་གླིང་ཅན་དང་ཚོང་ལས་ཅན།ཐོན་ལས་ཅན་དུ་བསྒྱུར་རྒྱུ་ནི་ན་གཞོན་ལྷ་རིས་སྒྱུ་རྩལ་པ་ཞིག་གི་ཕྲག་ཏུ་བབས་པའི་འགན་ནུས་ཤིག་ཡིན་པར་དགོངས་ཏེ།མེས་པོ་གོང་མ་རྣམས་ཀྱིས་བཞག་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་སློབ་སྦྱོང་དང་རྒྱུན་འཛིན།དར་སྤེལ།གསར་བཏོད་བཅས་བྱས་ཏེ་འཛམ་གླིང་མི་རིགས་རྣམས་བོད་ཀྱི་ལྷ་རིས་སྒྱུ་རྩལ་ལ་དགའ་མོས་ཡོད་པ་དང་ཡིད་ཆེས་ཡོད་པ།ཡིད་རྟོན་ཡོད་པ།སྤུས་ཚད་ལྡན་པ།འཕེལ་རྒྱས་ཡོད་པའི་སྒོ་ནས་རེབ་གོང་སྒྱུ་རྩལ་སྔོག་འདོན་དང་དམངས་ཁྲོད་རིག་གནས་ཤུལ་བཞག་རྒྱུན་འཛིན་དར་སྤེལ་བྱས་ཏེ། མི་རིགས་སྒྱུ་རྩལ་ཐོན་ལས་ཅན་དང་ཚོང་ར་ཅན་དུ་བསྒྱུར་ཏེ་སྒྱུ་རྩལ་བརྩམས་ཆོས་ཁེ་ལས་ཅན་དང་དཔལ་འབྱོར་ཅན། རྒྱལ་ཁབ་ཅན། འཛམ་གླིང་ཅན་དུ་བསྒྱུར་བར་བྱས་རྗེས་མི་དམན་པ་འཇོག་པར་ཁོ་ལ་དམ་བཅའ་བརྟན་པོ་ཡོད།

ལོ་འདི་འགའི་རིང་ལ།ཁོང་གིས་སོར་རྩེ་ལས་འཁྲུངས་པའི་ལྷ་རིས་སྒྱུ་རྩལ་གྱི་བརྩམས་ཆོས་དག་རྒྱ་གར་དང་བལ་བོ། འབར་མ། ཕྱི་སོག ནང་ལོགས་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་པར་ཚད་མཐོ་བའི་དགའ་བསུ་དང་གདེང་འཇོག་ཐོབ་པའི་མུར། རེབ་གོང་ལྷ་རིས་སྒྱུ་རྩལ་ཅེས་པའི་མཚན་སྙན་དབྱར་སྐྱེས་རྔ་གསེང་ལྟར་གོ་ལའི་ཁྱོན་ལ་ལྡིར་བཞིན་པས་ན། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དབུ་ཁྲིད་དང་གཙོ་འཛིན་མང་པོ་ཤ་བོ་ཚེ་བརྟན་གྱི་ལྷ་རིས་སྒྱུ་རྩལ་བཟོ་གྲྭ་རུ་ཞབས་ཀྱིས་བཅགས་མྱོང་། སྔ་གཞུག་ཏུ་རྒྱལ་ཁབ་དམངས་ཆེན་ཨུ་ཡོན་ཀྲང་གཞོན་པ་པེ་ལིས་ཧྲིན་དང་། རྒྱལ་ཁབ་རིག་གནས་པུའུ་ཀྲང་གཞོན་པ་ཚེ་ཝུའུ། མཚོ་སྔོན་ཞིང་ཆེན་གྱི་སྔོན་གྱི་ཏང་ཨུའི་ཧྲུའུ་ཅི་ཆང་བེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཅི་ཏེ་མཱ་ཅ་སོགས་བྱོན་ནས་བཀའ་འདྲི་དང་དགོངས་བཞེད་མི་ཉུང་བ་བདུད་རྩིའི་ཆབ་བཞིན་བསྩལ་བ་ན། ཤ་བོ་ཚེ་བརྟན་གྱིས་མ་འོངས་ཁེ་ལས་འཕེལ་རྒྱས་ལ་ཕྱོགས་སྟོན་གྱི་ལམ་བུ་གསར་བ་རྙེད་ཅིང་། ན་གཞོན་སྒྱུ་རྩལ་པ་ཞིག་གི་འཚོལ་སྙེག་གི་སྙིང་སྟོབས་ལ་རྩ་བ་རབ་ཏུ་ཚུགས་སོང་།

ཤ་བོ་ཚེ་བརྟན། རིག་གནས་ཤིག་གི་དུང་ཞེན་ལ་བརྒྱུས་པའི་ཚེ་སྲོག་གི་མཆོད་པ་དམར་པོ།སྒྱུ་རྩལ་ཞིག་གི་འཚོལ་སྙེག་ལ་རེམ་པའི་རིག་པའི་དཔའ་བོ།སྒང་བ་བོད་པའི་ལ་རྒྱར་བརྩོན་པའི་ཕོ་གསར་རྒོད་པོ། ཁྱོད་ཀྱིས་འཕེལ་རྒྱས་ཀྱི་གོམ་སྟབས་ཧུར་གྱིས་སྤོས་དང་། ཁྱོད་བཞུད་སའི་མཁའ་ལམ་ལ་སྐར་ཚོམས་ཀྱི་མེ་ཏོག་བཞད་ཡོད།ཁྱོད་བགྲོད་སའི་ལམ་ཆེན་ལ་འཇའ་གུར་གྱི་མཛེས་སྡུག་ཕུབ་ཡོད།

གསར་འགོད་པ། བསམ་སྤྱོད།