རིག་གནས་ཀྱིས་མཚོན་པའི་མཚོ་ཤར་གྱིས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་གཞིས་གསར་པ་བསྐྲུན་པ། (2)

ཁྱད་ཆོས་ལྡན་པའི་གྲོང་རྡལ་ལ་ཞིང་གྲོང་རིག་གནས་ཀྱི་དྲི་བསུང་ཁྱབ།

ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་རུ་གྲགས་པའི་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་འདན་མ་གྲོང་རྡལ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་པའི་ཡུལ་དེའི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་འཆོར་སྤྲས་ཏེ་ལ་གཞས་ལེན་རེས་དང་། སྲོལ་རྒྱུན་ལུས་རྩལ་འགྲན་སྡུར། བྲོ་བ་སྟོང་གི་ཞབས་བྲོ་སོགས་རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཞིག་ལ་མཉམ་དུ་རོལ་སྲོལ་ཡོད།

འདན་མ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཀྲི་ཞང་གིས་ངོ་སྤྲོད་ལྟར་ན། ཉེ་བའི་ལོ་འདི་འགར། འདན་མ་གྲོང་རྡལ་གྱིས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཇེ་མང་དུ་བཏང་ནས་ཧོར་རིགས་དམངས་སྲོལ་རིག་གནས་ཐོན་ལས་སྐྱེད་སྲིང་བྱ་བ་དེ་གྲོང་རྡལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་རིག་གནས་ཀྱིས་གྲོང་རྡལ་སྐྱོང་བ་དང་། རིག་གནས་ཀྱིས་གྲོང་རྡལ་དར་སྤེལ། རིག་གནས་ཀྱི་གྲོང་རྡལ་ཆེན་པོར་བསྒྱུར་བའི་ལམ་དུ་བསྐྱོད་དེ། ཧོར་རིགས་ཀྱི་དམངས་སྲོལ་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ཐོག་དེའི་འབྲེལ་གྱི་གཟུགས་མེད་ཤུལ་བཞག་རིག་གནས་སྐོར་ཞིག་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་། དམངས་སྲོལ་རིག་གནས་ཐོན་ལས་དར་སྤེལ་དུ་བཏང་ནས་མང་ཚོགས་གཞིར་བཟུང་བའི་དམངས་སྲོལ་རིག་གནས་དང་ལུས་རྩལ་བྱེད་སྒོ་མང་པོ་སྤེལ་བས། ཧོར་རིགས་ཀྱི་གཉུག་གནས་དམངས་སྲོལ་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་ལེགས་པོ་ཐོབ་ཟེར།

ཤེས་གསལ་ལྟར་ན། ད་སྔ་གྲོང་རྡལ་ཡོངས་སུ་ལོ་རེར་དམངས་ཁྲོད་ཀྱི་སྤྲོ་ཚོགས་སྣ་ཚོགས8དང་རིག་གནས་ཀྱི་བྱེད་སྒོ་སྣ40སྤེལ་རྒྱུ་ཡོད་ཅིང་། གྲོང་རྡལ་ཡོངས་སུ་གཟུགས་འདས་ཤུལ་བཞག་རིག་གནས14ཡོད་པ་དང་། རྒྱུད་འཛིན་པ་བསྡོམས་པའི་མི་དྲུག་ཡོད་པ་རེད། དེ་ལས་ལ་གཞས་དང་། སྡེར་ཚེམ། ཞབས་བྲོ་བཅས་གསུམ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གི་རྣམ་གྲངས་གྲས་སུ་ཚུད།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཡིས་མཚོ་ཤར་གྱི་ཡུལ་འདི་ལ་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་བསྩལ་ནས་རྨ་ཙོང་རིག་གནས་ཀྱི་ལྟེ་བ་འཛིན་པའི་མངའ་ཁོངས་སུ་གྱུར། ལྷག་པར་རིག་དངོས་ཀྱི་ཤུལ་རྫས་མང་པོ་དང་། དམངས་སྲོལ་གོམས་གཤིས་སྣ་ཚོགས། མི་རིགས་དམངས་ཁྲོད་སྒྱུ་རྩལ་གྱ་ནོམ་པ་བཅས་ཀྱིས་མཚོ་ཤར་གྱི་རིག་གནས་གོང་སྤེལ་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་བྱས་ཡོད་ལ། དེ་ལས་ཡུན་ཅ་གྲོང་རྡལ་གྱི་རྨ་ཙོང་བག་ཆགས་ཞེས་པའི་ལས་གཞི་ནི་ཏག་ཏག་རྨ་ཙོང་རིག་གནས་ངོམ་སོ་བྱེད་སའི་སྟེགས་བུ་ཉག་ཅིག་རེད།

ལས་གཞི་དེ་ཧྲན་ཞིའི་ཡུན་ཅ་གྲོང་རྡལ་གྱི་བཟོ་བཀོད་ལ་དཔེ་བྱས་ཤིང་། རྨ་ཙོང་གི“གཟུགས་འདས་ཤུལ་བཞག་རིག་གནས”དང་ཟུང་དུ་སྦྲེལ་ནས་མཚོ་ཤར་ཡུལ་གྱི་བོད་རིགས་དང་། ཧོར་རིགས། རྒྱ་རིགས། ཧུའེ་རིགས། ས་ལར་རིགས་སོགས་མི་རིགས་བཅོ་བརྒྱད་ཀྱི་མཚོན་བྱེད་ལྡན་པའི་དམངས་སྲོལ་གོམས་གཤིས་དང་། ས་གནས་ཁྱད་ཆོས་མ་ཉམས་དར་སྤེལ་བཏང་ཡོད་པས། མཚོ་ཤར་གྱི“གཟུགས་འདས་ཤུལ་བཞག་རིག་གནས”འགྲེམ་སྟོན་དང་རྒྱུད་འཛིན་དར་སྤེལ་གྱི་ཁྱད་ཆོས་གསར་པར་གྱུར།

མཚོ་ཤར་གྱི་ཡུན་ཅ་གྲོང་རྡལ་གྱི་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཡུན་ཞུའུ་ཝའེ་ཡིས་འདི་སྐད། ཡུན་ཅ་གྲོང་ཚོས་ཐོན་ལས་གསུམ་མཉམ་བསྲེས་ཀྱི་དེང་རབས་ཐོན་ལས་མ་ལག་ལ་བརྟེན་ནས་མངའ་ཁོངས་ཀྱི་རྒྱུད་མཐུད་འཕེལ་རྒྱས་དང་ལས་གཞི་ཡུན་གནས་ཐུབ་པ་བྱུང་ཞིང་། མི་འགྱང་བར“ཞིང་ལས+ཡུལ་སྐོར་དང་། གྲོང་རྡལ་ཅན་འགྱུར། གནད་འཁེལ་དབུལ་སྐྱོར”གྱི་ལས་གཞི་དཔེ་མཚོན་ཅན་དང་། “རིག་གནས་གསར་གཏོད་ཀྱི་ཐོན་ལས་གོང་སྤེལ་སྟེགས་བུ”། དེ་མིན་རྨ་ཙོང་རིག་གནས་དང་། མཚོ་སྔོན་དམངས་སྲོལ་རིག་གནས། ཁྱད་ལྡན་ཟས་རིགས་ངོམ་སྟོན་བྱེད་ས་བཅས་སུ་འགྱུར་ངེས་རེད་ཟེར།

ད་ཆ“ཡུན་ཅ་གྲོང་ཚོང”དེ་རྨ་ཙོང་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་ལྟ་བུ་གྱུར་བ་ལ་དེར་ཡོང་གི་ཡུལ་སྐོར་བས་རྣ་ལ་སྙན་ཞིང་བག་བྲོ་བའི་དམངས་ཁྲོད་ལ་གཞས་ལ་ཉན་ཐུབ་པར་མ་ཟད། མཚོ་ཤར་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཧོར་རིགས་ཀྱི་གཉེན་སྟོན་དང་། དམངས་ཁྲོད་རོལ་རྩེད། ཀོ་བརྙན་ཟློས་གར་སོགས་རིག་རྩལ་འཁྲབ་སྟོན་ལ་ལྟ་ཐུབ་པ་དང་། ཡུལ་དེའི་ཁྱད་ཆོས་ལྡན་པའི་ཟས་རིགས་སྣ་ཚོགས་དང་གནའ་བོའི་ལག་ཤེས་བཟོ་རྩལ་སོགས་ལ་ཉམས་སུ་མྱོང་ཐུབ།

ཤེས་གསལ་ལྟར་ན། ད་སྔ་མཚོ་ཤར་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ19《མཚོ་སྔོན་ཞིང་ཆེན་གྱི་གསར་དར་གྲོང་ཁྱེར་དང་གྲོང་རྡལ་ཅན་འགྱུར་གྱི་འཆར་འགོད(2013—2020ལོའི)》གྱི་མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་གྲས་སུ་ཚུད་ཅིང་། བ་ཡན་རྫོང་མཚེ་མགུར་གྲོང་རྡལ་དང་། གཞོང་ཐང་རྫོང་གི་ཀོན་ཐིང་གྲོང་རྡལ་གཉིས་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་བ་སྐོར་དང་པོ་དང་གཉིས་པའི་གྲས་སུ་ཚུད། དམར་གཙང་ཆུས་ཀྱི་དམར་གཙང་གྲོང་རྡལ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཞིང་གྲོང་ཐོག་མར་གྱུར། ཡ་རྫི་ས་ལར་ཆུ་གྲོང་ཡུལ་སྐོར་ལས་གཞི་དེ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི2017ལོའི་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལེགས་འདེམ་ལས་གཞིའི་མིང་ཐོར་ཚུད། འདན་མ་གྲོང་རྡལ་དང་མཚེ་མགུར་གྲོང་རྡལ། དམར་གཙང་རྨ་ཙོང་བག་ཆགས་སོགས་ཁྱད་ལྡན་གྲོང་རྡལ་ཡང་ད་ལྟ་འདབ་ལག་རྒྱས་སྒང་རེད།

རིག་གནས་ལུས་རྩལ་གྱིས་མི་རིགས་ཁག་གི་འབྲེལ་འདྲིས་མཉམ་བསྲེས་ལ་སྐུལ་འདེད་བཏང་།

མི་རིགས་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མཚོན་རྟགས་གྲགས་ཅན་ལེགས་པོ་ཞིག་བཟོ་བར་ནུས་རྒུ་བཏོན་ནས་མི་རིགས་རིག་གནས་གོང་སྤེལ་གྱི་ལས་ལ་ཚང་མའི་སེམས་ཕྱོགས་གཅིག་ཏུ་བསྡུས་ཏེ། མཚོ་ཤར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལ་ཁྱད་ཆོས་ལྡན་ཞིང་ཡིད་དབང་འགུགས་པའི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན། བ་ཡན་རྒྱལ་སྤྱིའི་ལམ་ཕྱེད་མ་ལ་སུང་འགྲན་རྒྱུག་དང་། ཡ་རྫིའི་རྒྱལ་སྤྱིའི་རྨ་ཆུ་རྐྱལ་འགྲན་ཆེན་མོ་གཉིས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་སྡུར་གྱི་ཁྲོད་ན་སྙན་གྲགས་འབར་བའི་མཚོན་རྟགས་སུ་གྱུར་ཡོད་པ་རེད།

“མཐུན་སྒྲིལ་བུམ་པ”ཞེས་པའི་མི་རིགས་དམངས་ཁྲོད་མདའ་རྩལ་འགྲན་སྡུར་དང་། མི་བརྒྱའི་ཐང་ཆེན་ཞབས་བྲོ་འགྲན་སྡུར། མི་རིགས་གླུ་གར་གྱི་གཞས་གདངས་འཚོལ་སྡུད་འགྲན་སྡུར། མི་རིགས་མཐུན་སྒྲིལ་རིག་རྩལ་འཁྲབ་སྟོན། རྨ་ཙོང་ཡུལ་སྐོར་རིག་གནས་དུས་ཆེན། གཞོང་ཐང་གི་ཁམ་བུའི་མེ་ཏོག་དུས་ཆེན། སན་ཁྲུན་གྱི་ན་སྟོན་དུས་ཆེན། ས་ལར་རིགས་ཀྱི་ཡུལ་སྐོར་དུས་ཆེན། “དགུ་ཆུའི་གློག་འོད”འདན་མའི་ལ་གཞས་སྒྱུ་རྩལ་དུས་ཆེན་སོགས་མི་རིགས་རིག་གནས་ལུས་རྩལ་གྱི་བྱེད་སྒོ་མང་པོ་ཞིག་གིས་ཡུལ་དེའི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པར་གྱུར་ནས་མི་རིགས་ཁག་བར་གྱི་རིག་གནས་ངོས་ལེན་ཇེ་ཟབ་ཏུ་གྱུར།

ལིའུ་ཝན་གྱི་ཚོན་རྫ་དང་། བླ་ཚང་གནས་ཤུལ། ཧོར་གྲོང་ཧོར་རིགས་ཕ་ཡུལ་གླིང5Aརིམ་པའི་ལྗོངས་ཁུལ་དང་། དགོན་ལུང་། གྲོ་ཚང་དགོན། བྱ་ཁྱུང་སོགས་རྨ་ཙོང་རིག་གནས་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་དུ་གྱུར།

རྨ་ཙོང་ཞིང་གྲོང་རིག་གནས་ཡུལ་སྐོར་དང་། ཞིང་ཁྱིམ་སྤྲོ་སྐྱིད་གླིང་སོགས་ཀྱང་མི་རྣམས་ཀྱི་སྤྲོ་གསེང་ལྗོངས་རྒྱུ་བྱེད་སའི་གནས་མཆོག་ཏུ་གྱུར་ཡོད། ཧོར་གྲོང་ཧོར་རིགས་ཕ་ཡུལ་གླིང5Aརིམ་པའི་ལྗོངས་ཁུལ་གྱི་གྲོང་ཚོ་ཆུང་ཆུང་ནི་གང་སར་སྙན་གྲགས་ཆེ་བའི་ཧོར་རིགས་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་གྲོང་ཚོ་རེད། གྲོང་ཚོ་དེའི་འཕེལ་རྒྱས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འབྲལ་ཐབས་མེད། ད་སྔ་གྲོང་ཚོ་ཆུང་ཆུང་དེར་ལས་ཀ་གཉེར་མཁན་གྱི་ཕྱི་ཡོང་ཡུལ་མི600ལས་བརྒལ་ཡོད་ཅིང་། གྲོང་ཚོ་དེའི་མང་ཚོགས་དང་ཁ་འཆམ་ཞེ་མཐུན་དང་སྐྱིད་སྡུག་མཉམ་བཞེས་ཀྱི་སྒོ་ནས་འཚོ་བ་རོལ་གྱིན་ཡོད།

ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཧོང་ཀུང་ཁ་ཆེ་ལྷ་ཁང་དང་། ཧོར་གྲོང་ཧྲུང་ཧྲུའུ་གྲོང་ཚོ་ཡི་མཚོ་སྔོན་ཞིང་ཆེན་ཞིང་གྲོང་གཞི་རིམ་ཏང་ཀྲི་པུའུ་དང་པོ་དང་། དམར་གཙང་ཧུང་ཧྲུའེ་ཆུན་ཁ་ཆེ་ལྷ་ཁང་བཅས་མཚོ་ཤར་གྱི་གསར་བརྗེ་ཡུལ་སྐོར་སློབ་གསོ་རྟེན་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རིག་གནས་རྟེན་གཞིར་གྱུར།

ཧོར་གྲོང་རྫོང་གིས་མ་དངུལ་ཁྲི19བཏང་སྟེ། མི་སྣ་རྩ་འཛུགས་ཐོག《ཨ་མདོའི་སྐད་ཀྱི་ལེགས་བཤད་གཅེས་བཏུས》རྩོམ་སྒྲིག་མཛད་ཅིང་། དེར་ཡི་འབྲུ་ཁྲི160ཡོད་པ་དང་། བོད་ཀྱི་གཉེན་སྲོལ་དང་། གཏམ་དཔེ། གླུ་གཞས་སོགས་འདུས། དཔའ་རིས་བོད་རིགས་ཀྱི་གདོད་མའི་དམངས་ཁྲོད་རིག་གནས་ཀྱི་ནང་དོན་དར་སྤེལ་དང་མྱུར་སྐྱོབ། སྔོག་འདོན་བྱས་ཏེ། དམངས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཕན་ཆེན་པོ་ཐོགས། ལུང་མདོ་ཆུས་ཀྱིས་མ་དངུལ་ཁྲི13བརྩོན་ལེན་བྱས་ཏེ། མྱུར་སྐྱོབ་རང་བཞིན་གྱིས་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ《རྨ་ཙོང་ལ་གཞས་སྒྱུ་རྩལ་དཔེ་ཚོགས》བརྩམས། དམར་གཙང་ཆུས་ཀྱིས་མ་དངུལ་ཁྲི10བརྩོན་ལེན་བྱས་ནས་སྲོལ་རྒྱུན་གཞས་གར་རིག་གནས་ལེགས་སྒྲིག་བྱས་ཏེ《དམར་གཙང་གི་ཀོ་བརྙན་ཟློས་གར》རྩོམ་སྒྲིག་པར་བསྐྲུན་མཛད།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྱོང་བྱེད་སྒོའི་ཁྲོད་དུ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་བཞིན་བརྩེ”ཞེས་པའི་རིག་རྩལ་འཁྲབ་སྟོན་དང་། “འཆམ་མཐུན་ཁྱིམ་གཞིས”ཞེས་པའི་མི་རིགས་གླུ་གར་འཚོལ་སྡུད་ལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་དེ། མཚོ་ཤར་ཡུལ་གྱི་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་བྱུང་།

འདི་ལྟ་བུའི་མཐུན་སྒྲིལ་དང་འཆམ་མཐུན་གྱི་རིག་གནས་སྡིངས་ཆའི་སྟེང་མི་རིགས་ཁག་གི་རིག་གནས་ཁྲག་རྒྱུན་གཅིག་ལ་བཞུར་ཞིང་། བརྩེ་བ་གཅིག་ལ་འདྲེས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཡར་ངོའི་ཟླ་ལ་འགྲན་པར་བྱེད།

རིག་གནས་སློབ་གསོའི་མཐུན་སྒྲིལ་གྱི་མེ་ཏོག་སློབ་རར་རྣམ་པ་བཞད་པའི་མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་རྣམས་ནི་མི་རིགས་ཁག་གིས་མཉམ་གཅིག་ཏུ་མཐུན་སྒྲིལ་འབད་བརྩོན་དང་། དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཡིན་ཕྱིར། མི་བུ་སྐྱེད་སྲིང་གི་ཁོར་ཡུག་གལ་ཆེན་ཞིག་ཡིན་པའི་ཆ་ནས་སློབ་གྲྭས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་ལས་ཀ་སོ་སོའི་སྲོག་ཤིང་དུ་བརྒྱུས།

མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭ་འགའི་སློབ་རར་མི་རིགས་ཀྱི་ཁྱད་ཆོས་ཤིག་གར་སར་མཐོང་ཐུབ།

ཧོར་གྲོང་རྫོང་མི་རིགས་སློབ་འབྲིང་གི་ར་བར་བྱིས་པ་རྣམས་ཀྱིས་བྲིས་པའི་རི་མོ་དང་མཛེས་རྩལ་གྱི་དྲིལ་སྒྲོག་སྒོ་བྱང་དང་། མཐུན་སྒྲིལ་མཛའ་བརྩེ་ཟབ་པ། གཙང་གསལ་ཁོད་ཡངས་ཀྱི་སློབ་ཁང་སོགས་ག་ས་གང་དུ་གསོན་ཉམས་ཀྱིས་ཕྱུག་ཅིང་། ག་ས་གང་དུ་འཆམ་མཐུན་གྱི་འཛུམ་མདངས་བཞད། སློབ་མ་ཡོངས་ཀྱི་ཧ་ལམ70%ཟིན་པའི་མི་རིགས་གྲངས་ཉུང་གི་སློབ་མས་ཁོར་ཡུག་མཛེས་ལ་དགེ་རྒན་དཔུང་སྡེའི་སྟོབས་ཆེ་བ། སློབ་གཉེར་བསམ་བློ་སྔོན་ཐོན་ཡིན་པ། འཚོ་བའི་ཞབས་ཞུ་འཐུས་ཚང་བའི་སློབ་འབྲིང་དུ་སྤུས་ལེགས་པའི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ཀྱིན་ཡོད། མི་རིགས་རིག་གནས་དར་སྤེལ་ནི་མི་རིགས་སློབ་འབྲིང་གི་གཡོལ་དུ་མི་རུང་བའི་འགན་འཁྲི་ཡིན། ཧོར་གྲོང་རྫོང་གི་མི་རིགས་སློབ་འབྲིང་གིས་ཧོར་རིགས་རིག་གནས་འཚོལ་སྡུད་བྱེད་ཞོར་དུ། མཐོ་འབྲིང་སློབ་མའི་འཁྲབ་སྟོན་དང་། མི་རིགས་གླུ་གར་སློབ་རར་བསྐྱོད་པའི་བྱེད་སྒོ། མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སོགས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ། སློབ་གྲྭའི་ལས་ཀ་འཛུགས་སྐྱོང་གི་ཁྲོད་དུ་བཏོན་པའི“མི་རིགས་གྲངས་ཉུང་ཁག་གི་སློབ་མ་གཅིག་ལ་གཅིག་རྟེན་དང་། མཉམ་དུ་འཆམ་མཐུན་སློབ་ར་འཛུགས་སྐྲུན་བྱེད”པའི་དམིགས་འབེན་མངོན་འགྱུར་བྱས།

ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་བོད་ཡིག་སློབ་འབྲིང་ལ“མཚོ་ཤར་ཡུལ་གྱི་མི་རིགས་སློབ་གསོའི་མེ་ཏོག་རྐང་གཅིག”ཅེས་པའི་མཚན་སྙན་བསྒྲོན་མྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་གི་ལས་ཀའི་ཁྲོད་དུ། སློབ་གྲྭ་དེས་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ“སློབ་དེབ་ཀྱི་ནང་དང་། སློབ་ཁྲིད་ཀྱི་ཁྲོད། བསམ་བློའི་ངོར་བཅུག”པ་དང་ཆབས་ཅིག སློབ་མའི་བར་གྱི་འབྲེལ་ཐག་ལྟ་བུར་བཟུང་ནས་སློབ་མ་རྣམས་ལ་སློབ་གྲྭ་ནས་བསླབས་པའི་འབྲེལ་ཡོད་མི་རིགས་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་ལ་སོགས་པའི་ཐད་ཀྱི་ཤེས་བྱ་ཁྱིམ་བདག་དང་། ཁྱིམ་མཚེས། ཉེ་མི་སོགས་ལ་བསྒྲགས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མི་རིགས་སྲིད་ཇུས་ཤེས་རྟོགས་དང་ནང་ཞུགས་ཀྱི་ཚད་ཇེ་མཐོར་བཏང་བ་མ་ཟད། སློབ་གསོའི་མ་ལག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་ཀ་འཛུགས་སྐྱོང་གི་ཡངས་ཚད་དང་ཟབ་ཚད་ཆེར་བསྐྱེད་དེ་སློབ་གསོའི་མཉམ་ཤུགས་ཇེ་དྲག་ཏུ་བཏང་།

བ་ཡན་རྫོང་དུ་སློབ་གྲྭ་ཆུང་འབྲིང་ཁག་གིས“ཆུང་བའི་ཆེ་བ་འཁྲིད་པ”ཞེས་པ་གཙོ་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡུལ་བབ་མཚོན་པའི་སློབ་དེབ་མང་ཚོགས་ལ་སྤྲད་ནས་ཐོག་ཁང་གཅིག་ལ་བརྗོད་བྱ་གཅིག་དང་། ཁང་པ་གཅིག་ལ་བརྗོད་བྱ་གཅིག་ཅེས་པའི་སློབ་རའི་རིག་གནས་དར་སྤེལ་གྱི་རྣམ་པ་ཆགས། བ་ཡན་རྫོང་གི་སློབ་ཆུང་གཉིས་པས་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་དང་། སློབ་ཁྲིད། སློབ་རའི་རིག་གནས་དར་སྤེལ། བདེ་འཇགས་སློབ་ར་གསར་འཛུགས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་སློབ་གསོ་བཅས་ལ་ཟུང་དུ་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དར་སྤེལ་སྐོར་གྱི་བྱེད་སྒོ་མང་པོ་སྤེལ།

མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་དང་རྩོམ་ཡིག་འགྲན་སྡུར། ལག་བྲིས་ཚགས་པར་འགྲན་སྡུར་སོགས་བྱེད་སྒོ་ནི་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་གཞི་རྟེན་གལ་ཆེན་ཡིན་པས། སློབ་གྲྭས་ལོ་རྒྱུས་རྗེས་དྲན་ཉིན་མོ་དང་། མི་རིགས་སྲོལ་རྒྱུན་དུས་ཆེན་ལ་སོགས་ཀྱི་དུས་བབ་དང་བསྟུན་ནས་མི་རིགས་བར་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་བརྩི་འཇོག་ལ་ཡར་སྐུལ་བྱས་པ་དང་། “མི་རིགས་ཀྱི་ལག་རྡང་སྦྲེལ་བ”ཞེས་པའི་བྱེད་སྒོ་སྤེལ་ནས་སློབ་མ་རྣམས་ལ་མི་རིགས་ཀྱི་དབྱེ་བ་མེད་པའི་སྒོ་ནས་འཚོ་བའི་ཁྲོད་དཀའ་ངལ་ཡོད་པའི་སློབ་གྲོགས་ཕན་ཚུན་ལ་རོགས་རེས་དང་སློབ་སྦྱོང་བྱེད་དུ་བཅུག་སྟེ། སློབ་གྲྭ་དེ་ཉིད་མི་རིགས་ཁག་གི་སློབ་མ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་ནས་སློབ་སྦྱོང་དང་འཚོ་བ་མཉམ་རོལ་ཐུབ་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་བསྒྱུར།

དེ་ལྟ་བུའི་རྣམ་པ་ཟབ་མོ་བཏོད་པ་ནས་སློབ་གྲྭ་གཅིག་ལ་སྤུས་རྟགས་གཅིག་ཡོད་པའི་བར་དང་། ཁྱད་ལྡན་སློབ་གསོ་ནས་དགེ་སློབ་བར་གྱི་མཛའ་བརྩེ་དྲོན་མོའི་བར་དུ། མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭ་སོ་སོས་མི་རིགས་མཐུན་སྒྲིལ་ ཡར་ཐོན་གྱི་ས་བོན་དེ“ངང་རིང་ཞིབ་ཚགས”ཀྱི་ལམ་ནས་སློབ་གྲྭར་གཏོར་ནས་དགེ་སློབ་ཡོངས་ཀྱི་སེམས་ཀྱི་ཞིང་སར་སྨིན།

མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཀྲའོ་ལི་ཡའོ་ཡིས་འདི་སྐད། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་སོ་སོས་སློབ་བུ་བཟང་པོ་སྐྱེད་སྲིང་ལ་གཙིགས་ཆེན་དང་། ངོས་འཛིན་གཅིག་མཐུན་ཡག་པོ་ཞིག་ཆགས་པ་བརྗོད་གཞིར་བཟུང་སྟེ། མི་རིགས་ཁག་གི་དགེ་སློབ་བར་དུ་སྤེལ་རེས་དང་འབྲེལ་འདྲིས། རིག་གནས་མཉམ་བསྲེལ་མཉམ་སྤེལ་གསར་གཏོད་བཅས་ཕྱོགས་ཡོངས་ལ་སྐུལ་འདེད་བཏང་ཡོད་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཟབ་ཅིང་ཡངས་པའི་དོན་སྙིང་ཆེན་པོ་ལྡན་ཟེར།

སྡོད་ཁུལ་གྱི་རིག་གནས་དང་སྡོད་དམངས་ཀྱི་བརྩེ་བ་ཇེ་ཟབ་ཏུ་སོང་བ།

དམར་གཙང་ཆུས་ལུང་མདོ་ལམ་གྱི་སྡོད་ཁུལ་དུ་དུས་རྒྱུན་སྡོད་ཁུལ་དེའི་ཡིག་གཟུགས་དང་རི་མོ་མཐུན་ཚོགས་ཀྱི་ཚོགས་མི་ཡོང་ནས་ཡིག་གཟུགས་ངོམ་པར་བྲེལ་བའི་ངང་ཚུལ་མཐོང་ཐུབ། ང་ཚོ་མ་གཞི་ནས་སྡོད་ཁུལ་གྱི་སྡོད་དམངས་ཡིན། དུས་རྒྱུན་སྡོད་ཁུལ་གྱི་བྱ་འགུལ་ཁང་ནས་ཡིག་གཟུགས་དང་རི་མོ་འབྲི་སྦྱོང་བྱེད་པ་དང་། ལག་རྩལ་སྐོར་ནས་གླེང་མོལ་བྱེད་པ་ཡིན། ལོ་སར་ལ་སླེབས་དུས་ཁྱིམ་མཚེས་རྣམས་ལ་ལོ་སར་གྱི་ཤིས་ཚིག་བྲིས་ནས་རྟེན་འབྲེལ་ཞུ་བ་ཡིན་ཞེས་ཡིག་རིས་མཐུན་ཚོགས་ཀྱི་ཚོགས་མིས་དེ་ལྟར་བརྗོད་བྱུང་།

ཤེས་གསལ་ལྟར་ན། ཡིག་རིས་མཐུན་ཚོགས་ཕུད། ལུང་མདོ་ལམ་གྱི་སྡོད་ཁུལ་དུ་ད་དུང་མི་རིགས་རོལ་ཆས་དཀྲོལ་རྡུང་ཚོགས་པ་དང་། དམངས་ཁྲོད་མདའ་འཕེན་རུ་ཁག མཉམ་ལེན་ཚོགས་པ། རྔ་བ་རུ་ཁག དབྱང་ཀོ་རུ་ཁག་སོགས་རུ་ཁག་ཆུང་ངུ་རེ་ཡོད་པས། དུས་ཆེན་དང་ཡང་ན་དུས་རྒྱུན་གྱི་འཚོ་བའི་ཁྲོད་འབུད་རྡུང་དཀྲོལ་ལེན་དང་། ཡིག་གཟུགས་དང་རི་མོ། རྔ་རྡུང་བྲོ་གཞས་ལེན་མཁན་མང་པོས་སྡོད་ཁུལ་གྱི་རིག་གནས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད།

སྡོད་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་ཡོད་པས། སྡོད་དམངས་ཀྱི་སེམས་ཁམས་དྭངས་ཤིང་། ཤོ་རྒྱག་དང་། བརྒྱུད་ཚོང་། ཆོས་ལོག་ལ་འགྲོ་བའི་ཁྲོམ་ར་བྱུང་མེད་པ་དེས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ལ་སྐུལ་སྤེལ་བཏང་ཡོད་ཅེས་ལུང་མདོ་ལམ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཀྲེན་གྱིས་དེ་ལྟར་བཤད་བྱུང་།

བ་ཡན་རྫོང་བ་ཡུན་གྲོང་རྡལ་གྱི་མཁར་ནུབ་སྡོད་ཁུལ་གྱིས་ཁུལ་ཁོངས་གཏོགས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་བསྐང་ཆེད། ཏང་ཡོན་དང་ན་གཞོན། “རྒན་པ་ལྔ”། རྒྱལ་ཁབ་ལ་བྱས་རྗེས་ཅན་གྱི་མཛངས་མ། ཞི་དབྱང་ཧོང་དང་བླངས་རུ་ཁག“ལྔ”བཅས་སྒྲིག་འཛུགས་བྱས་ཏེ། སྡོད་དམངས་གཞིས་སྡོད་སེམས་བྲོ་ཞིང་། ཁོར་ཡུག་ཡག་ལ་སེམས་སྐྱིད་པ། རིག་གནས་ཁ་དབུགས་སྟུག་ལ་སེམས་སྤྲོ་བ། ཁྱིམ་མཚེས་འཆམ་མཐུན་ཡིད་མགུ་བ། ཞབས་ཞུ་སྟབས་བདེ་སེམས་བདེ་བ་བཅས“སེམས་ལྔ”ལྡན་པའི་སྡོད་ཁུལ་འཛུགས་པར་ཧུར་ཐག་བྱས་ཏེ། མི་རིགས་ཁག་གི་སེམས་པ་གཅིག་ནས་གཅིག་ཏུ་བརྒྱུས་ཡོད་པ་རེད།

སྡོད་ཁུལ་གྱི་རིག་རྩལ་དགའ་ཕྱོགས་ཆེན་པོ་ཡོད་མཁན་ཁྲོད་དུ། འཇོན་ཐང་ལྡན་པའི་མི་དང་དཔུང་སྡེ་སྣེ་འཁྲིད། ཡང་ན་གསར་རྩོམ་ལ་འཇོན་པའི་མི་ཡོད་ཅིང་། དེ་དག་གིས་རང་གི་སྡོད་ཁུལ་ལ་གཏོགས་པའི་རིག་རྩལ་བརྩམས་ཆོས་གསར་གཏོད་བྱེད་ཐུབ། གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲུན་ཁུག་གྲོང་རྡལ་གྱི་ཤར་ལམ་ཆེན་པོའི་སྡོད་ཁུལ་གྱི་ལོ་ན74སོན་པའི་ཀྲུའུ་ཏུང་ཞིན་ནི་སྡོད་ཁུལ་དེའི་གཞས་བྲོ་རུ་ཁག་གི་སྣེ་འཁྲིད་མི་སྣ་རེད། ཁོས་ལོ་མང་ལས་ཀ་བསྒྲུབས་པའི་ཁྲོད་དུ། གཞོང་ཐང་ས་ཆའི་དམངས་སྲོལ་གཞས་བྲོ་འཚོལ་སྡུད་ལ་མཉམ་བཞག་སྟེ། དུས་རབས་ཀྱི་རྒྱབ་ལྗོངས་ལ་སྦྱར་ནས་གསར་རྩོམ་ལ་བྲེལ་ནས《མཚོ་སྔོན་དམངས་ཁྲོད་རོལ་ཆས་དང་གཞས་གདངས་བསྡུ་བསྒྲིགས》དང་། 《གསར་བརྗེ་གཞས་རྙིང་སྒྲིག་རྩོམ། 》སོགས་གཞས་གར་བརྩམས་ཆོས་མང་པོ་བརྩམས་ཤིང་། ཡུལ་དེའི་གཞས་གར་ཚོགས་པའི་ཁྲོད་དུ་རང་ཉིད་ལ་དབང་བའི“མཚོན་རྟགས་གྲགས་ཅན”ཞིག་ཆགས་ཡོད་པ་རེད།

ད་ཆ་སྡོད་ཁུལ་རིག་གནས་བྱེད་སྒོ་མང་ལ་འཁྲུག་པོ་ཡིན་ཞིང་། བརྗེ་སྤེལ་དང་འབྲེལ་འདྲིས་ཡང་ཇེ་མང་ནས་ཇེ་ཆེ། མི་རིགས་དབར་གྱི་བརྩེ་བ་ཡང་ཇེ་དུང་ནས་ཇེ་ཟབ་ཏུ་གྱུར། སྡོད་ཁུལ་གྱི་ཞབས་ཞུ་ལྟེ་གནས་མང་པོ་རུ་ས་ཁུལ་སོ་སོའི་མང་ཚོགས་ཀྱི་དགོས་མཁོ་དང་། རང་སྟེང་གི་ཆ་རྐྱེན་ལ་བལྟས་ཏེ“སྡེ་ཁག་གསར་པ”བཙུགས་ཡོད་པ་ལ་སྡོད་ཁུལ་གྱི་ཞབས་ཞུ་བྱེད་ནུས་སྔར་བས་འཐུས་ཚང་ཞིང་། མི་རིགས་ཁག་དབར་གྱི་འབྲེལ་འདྲིས་མཉམ་བསྲེས་སྔར་བས་ཟབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁ་དབུགས་སྔར་བས་སྟུག་པས། སྡོད་དམངས་ཀྱིས་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་དེ་རང་གི་གམ་དུ་ཡོད་པ་མངོན་སུམ་དུ་ཚོར་གྱིན་ཡོད་པ་རེད།

རིག་གནས་ཀྱིས་མཚོན་པའི་མཚོ་ཤར་གྱིས་ད་ལྟ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་ཁྱིམ་གཞིས་ཤིག་འཛུགས་སྐྲུན་བྱེད་སྒང་རེད།

ཁོན་ཐར་འཚོས་བསྒྱུར།