ལི་ཐོའི་པར་དབང་རྐུ་འཁྱེར་ལ་རྡུང་རྡེག་གཏོང་རྒྱུའི་ཉེན་བརྡ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བོད་ལྗོངས་སྨན་རྩིས་ཁང་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་དོན།  བོད་ལྗོངས་སྨན་རྩིས་ཁང་ནས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་སྤྱི་ལོ་2019ལོའི་ལི་ཐོ་སྟེ། 《རབ་བྱུང་བཅུ་བདུན་པའི་སྒྱུར་བྱེད་ས་ཕག་ལོ་ཐོ་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ》དེ་མི་རིང་བར་བོད་ཡུལ་སྟོད་སྨད་བར་གསུམ་དུ་རྒྱ་ཆེར་འགྲེམ་སྤེལ་བྱ་རྒྱུ་ཡིན་ལ། ད་ལོའི་ལི་ཐོ་འདི་ཉིད་པར་འདེབས་ཚོན་མདངས་དང་པར་སྒྲིག་ཇུས་འགོད། ཤོག་བུའི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་སྔར་བས་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་དཔེ་སྐྲུན་བྱས་ཡོད་ཀྱང་། བར་ལམ་ཤེས་ཡོན་ཐོན་རྫས་ཀྱི་པར་དབང་སྐོར་ལ་རྨོངས་ཤིང་བག་མེད་སྤྱོད་པ་འགའ་ཞིག་གིས་འཆར་ཅན་ལོ་རེ་བཞིན་ལི་ཐོ་གསར་པ་འགྲེམ་སྤེལ་བྱས་མ་ཐག་ཐད་ཀར་པར་སློག་བརྒྱབ་སྟེ་ཁྲོམ་ལ་འགྲེམ་རྐྱང་བྱེད་པའི་ངན་ཤེད་རྒྱུན་འབྱམས་སུ་སོང་ཡོད་ལ། གཞན་གྱི་ངལ་རྩོལ་འབྲས་བུ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་ནག་ཚོང་དེ་རིགས་ཀྱིས་རྒྱ་ཆེའི་ཀློག་པ་པོ་དང་རྩོམ་པ་པོ། དཔེ་སྐྲུན་ཁང་བཅས་ཤེས་རིག་གོང་སྤེལ་གཏོང་མཁན་ཚང་མའི་ཁེ་དབང་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་པའི་གནས་སྟངས་ལ་གཞིགས་ནས། ངེད་ཅག་འབྲེལ་ཡོད་ལས་ཁུངས་གསུམ་གྱིས་ས་གནས་ཁྲིམས་སྐྱོང་སྡེ་ཁག་དང་མཉམ་འབྲེལ་ཐོག་པར་དབང་རྐུ་འཁྱེར་གྱིས་དེབ་རྫུན་བྱུང་རྒྱལ་དུ་བཟོ་མཁན་རྣམས་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་བ་ཡིན།


ད་ལོར་ངེད་ཅག་གིས་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་སོགས་ཀྱི་འཆལ་སྤྱོད་ཁྲིམས་འགལ་རྡུང་རྡེག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་དང་མཉམ་དུ་དཔེ་ཆའི་ཁྲོམ་རར་དུས་སྐབས་ངེས་མེད་དུ་ཞིབ་བཤེར་ལྟ་རྟོག་ནན་མོ་བྱ་རྒྱུ་མ་ཟད། པར་དབང་རྐུ་འཁྱེར་གྱི་སྤྱོད་ངན་རིགས་ལ་སྒོ་ཀུན་ནས་རྡུང་རྡེག་བྱ་རྒྱུ་ཡིན་སྟབས། ཁྲིམས་འགལ་ཐོག་དཔེ་ཆ་པར་འདེབས་དང་སྐྱེལ་འདྲེན། ཉོ་ཚོང་སོགས་བྱེད་པར་ཁྲིམས་ཀྱིས་བདའ་འདེད་དང་ཆད་པ་ནན་མོ་གཅོད་རྒྱུ་མ་ཟད། དཔེ་དེབ་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་དང་། ཁྲིམས་མེད་ལུགས་མེད་ཀྱི་ཁེ་གཉེར་གཙང་སེལ། ཁྲིམས་འགལ་དཔེ་དེབ་འགྲེམ་ཉོ་དང་སྐོར་ཚོང་བྱ་ཡུལ་རྩད་གཅོད་སོགས་ལ་སྔར་བས་དམ་དྲག་བྱ་རྒྱུ་ཡིན།

དེ་ཡང་ཁྲིམས་མཐུན་ལུགས་མཐུན་གྱི་དཔེ་ཀློག་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་ནི་ངེད་ཅག་དཔེ་སྐྲུན་ལས་ཁུངས་གཅིག་པུའི་འགན་འཁྲི་ཙམ་མིན་པར། མཁྱེན་དཔྱོད་ལྡན་པའི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱི་འགན་འཁྲི་ཡང་ཡིན་པས། ཁྱེད་ཅག་གིས་ད་ལོའི་བོད་རྩིས་ཀྱི་ལི་ཐོ་གཙོས་པའི་དེབ་རིགས་གཞན་དག་གང་གི་པར་དབང་བརྐུས་པ་དང་དཔར་བ་དང་། བཀྲམ་པ་སོགས་ཀྱི་གནས་ཚུལ་དངོས་འབྲེལ་ཤེས་རྟོགས་བྱུང་ཚེ། དེ་འཕྲལ་གཤམ་གྱི་འབྲེལ་ཡོད་ལས་ཁུངས་ལ་ཐད་གར་ཞུ་གཏུག་བྱ་ཆོག་སྟེ། ཁྲི་འདུ་གྲོང་ཁྱེར་འཆལ་སྤྱོད་རྡུང་རྡེག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་། ཁ་པར་ཨང་གྲངས་028-61885402ཡིན། ལྷ་སའི་འབྲེལ་གཏུག་ཁ་པར་ཨང་གྲངས་0891-6355621ཡིན། མཚོ་སྔོན་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས་0971-6108459ཡིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་གཏུག་ཁ་པར་ཨང་གྲངས་028-80640535ཡིན། ཞུ་གཏུག་བྱས་པའི་གནས་ཚུལ་དངོས་འབྲེལ་ཡིན་ཚེ་འབྲེལ་ཡོད་སྡེ་ཁག་གིས་ཞུ་གཏུག་བྱེད་མཁན་ལ་དངུལ་གྱི་གཏང་རག་ངེས་ཅན་སྤྲོད་ངེས་ཡིན་ནོ།