ཟི་ལིང་ནས་ནག་ཚོགས2རྩ་གཏོར་བཏང་སྟེ་ཁྲིམས་འགལ་ཉེས་ཅན་མི་སྣ13འཛིན་བཟུང་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ནག་ཚོགས་གཏོར་འཇོམས་ཆེད་དོན་སྤེལ་པའི་ཚུན་ལ། ཉེས་དོན་ཉེན་རྟོག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“ནག་ཚོགས་ནག་འདེད། ངན་ལྡན་ངན་སེལ། ཟིང་ཡོད་ཟིང་བཅོས ”ཀྱི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ནག་ཚོགས་དང་འབྲེལ་པའི་གྱོད་སྒྲུབ་དང་ཁུངས་སྣེ་དཔྱད་ཞིབ། གྱོད་གཞི་རིགས་དགུའི་མྱུལ་ཞིབ་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ། སྔ་རྗེས་སུ་མཱ་ག་གེ་མོ་ཏུང་སོགས་གཙོ་བྱས་པའི་ནག་ཚོགས་དང་ཁྲིན་ག་གེ་མོ་དང་ཀོང་ག་གེ་མོ་གཙོ་བྱས་པའི་ནག་ཚོགས་ལས། ཁྲིམས་འགལ་ཉེས་ཅན་མི་སྣ་བསྡོམས་པའི13འཛིན་བཟུང་བྱས། དེའི་ཁྲོད་ཉེས་དོན་བཙན་ཤེད་བྱེད་ཐབས་སྤྱད་པའི་མི13ཡོད། ཉེས་དོན་གྱོད་གཞི་སྣ་ཚོགས25ལྷག་དང་བདེ་སྐྱོང་གྱོད་གཞི2ལྷག་རྩད་ཆོད་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། 2014ལོའི་ཟླ7པ་ནས2018ལོའི་ཟླ2པའི་བར་དུ། ཁྲིམས་འགལ་ཉེས་ཅན་མི་སྣ་མཱ་ག་གེ་མོ་ཏུང་གིས་མཱ་ག་གེ་མོ་དང་ཀྲང་ག་གེ་མོ། ཝང་ག་གེ་མོ་སོགས་གཅིག་བསྡུ་བྱས་ཏེ། དུས་ཡུན་རིང་པོར་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་སྣེ་གསུམ་མེ་ཏོག་ལྡུམ་རའི་མགོ་ལོག་དང་ཟི་ལིང་གི་བར་ལ་རྒྱུག་པའི་ལག་རྟགས་མེད་པའི་འགྲུལ་སྐྱེལ་ཁ་ལོ་པའི་ལག་ནས། སྲུང་སྐྱོབ་གྲོན་དངུལ་བཙན་ཤེད་ཀྱིས་ཟླ་རེར་སྒོར300རེ་བླངས་ཏེ། དོ་དམ་གྲོན་དངུལ་མི་སྤྲོད་པའི་ཁ་ལོ་པར་ནག་ཚོགས་ཀྱི་ཚོགས་མིས་གཅར་རྡུང་དང་རླངས་འཁོར་ལ་ཆགས་སྐྱོན་བཟོ་བ་སོགས་བྱས་པས། རྫིག་ཉམས་ཧ་ཅང་ཆེ་ཞིང་སྤྱི་ཚོགས་ལ་ངན་ཤན་ཚབས་ཆེན་བཞག་པ་རེད།

དུས་ཡུན་ཟླ་གསུམ་རིང་གི་རྟོག་ཞིབ་བདེན་འཚོལ་བྱས་པ་བརྒྱུད། ཉེན་རྟོག་ཕྱོགས་ནས་མཱ་ག་གེ་མོ་སོགས་ཁྲིམས་འགལ་ཉེས་ཅན་མི་སྣ9འཛིན་བཟུང་བྱས་པར་མ་ཟད། ཟླ4པའི་ཚེས20ཉིན་བཀག་སྐྱིལ་བྱས་པ་རེད། ཉེས་དོན་གྱོད་གཞི3ལྷག་དང་བདེ་སྐྱོང་གྱོད་གཞི2ལྷག་རྩད་ཆོད་བྱས་ཤིང་། གནོད་འཚེ་ཕོགས་མཁན22ཡོད་པ་རེད།

ཟླ5པའི་ཚེས24ཉིན། ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མགོ་གཡོག་ཧམ་འཁྱེར་ཉེས་ཅན་པ་མཱ་ག་གེ་མོ་ཏུང་དང་མཱ་ག་གེ་མོ། ཀྲང་ག་གེ་མོ། ཝང་ག་གེ་མོ་སོགས་འཛིན་རྒྱུའི་ཆོག་འཐུས་བཀོད། ཟླ7པའི་ཚེས20ཉིན། མཱ་ག་གེ་མོ་སོགས་ཁྲིམས་འགལ་ཉེས་ཅན་མི་སྣ9པོ་ཁྲིམས་ལྟར་ཞུ་གཏུགས་བྱས། གྱོད་དོན་དེ་ཟླ11པའི་ཚེས14ཉིན་ནག་ཚོགས་དཔུང་ཁག་གི་ཉེས་མིང་ཐོག་ནས་སྤྱི་གཏུགས་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།