རིག་གནས་ཀྱིས་མཚོན་པའི་མཚོ་ཤར་གྱིས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་གཞིས་གསར་པ་བསྐྲུན་པ།(1)

དུས་རབས་གསར་པའི་བོད་ཀྱི་བུ་མོ་ལས་བཟོ་པ།

མི་རིགས་མཐུན་སྒྲིལ་གྱི་མཛའ་གཞས་སྙན་མོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལྷང་ལྷུང་དུ་འབབ་པའི་ཙོང་ཆུ་དང་། བརྗིད་ཆགས་པའི་མདོ་ལ་རིང་མོ། ལྟ་ན་སྡུག་པའི་རྨ་ཆུ་དང་ཙོང་ཆུའི་གཤོང་ས་སྟེ། མཚོ་ཤར་གྱི་ཡུལ་ཕྱོགས་འདི་ལ་རྩོལ་བྱུང་རིག་གནས་ཀྱི་རྫོང་མཐུག་ཅིང་། ལོ་རྒྱུས་རིག་གནས་དང་། མི་རིགས་རིག་གནས། ཆོས་ལུགས་རིག་གནས་སོགས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་མངའ་བ་ལ་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཟ་ལར་རིགས། སོག་རིགས་སོགས་མི་རིགས་མི་འདྲ་བ19དང་མི་འབོར་ཁྱོན་བསྡོམས་ཁྲི173འཚོ་སྡོད་བྱས་ཡོད་པ་དང་། དེ་ལས་མི་རིགས་གྲངས་ཉུང་གིས་མཚོ་ཤར་གྲོང་ཁྱེར་སྤྱིའི་མི་འབོར་གྱི51%ཟིན་ཡོད་པ་རེད།

ཉེ་བའི་ལོ་འདི་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་ས་གནས་མི་རིགས་ཀྱི་གདོད་མའི་གླུ་གར་སྔོག་འདོན་དང་རྒྱུད་འཛིན་བྱས་ཏེ། མི་རིགས་རིག་གནས་དར་སྤེལ་ཆེན་པོ་ལ་སྐུལ་སྤེལ་དང་མི་རིགས་ཁག་མཐུན་སྒྲིལ་དང་མཉམ་འདྲེས་མཉམ་སྤེལ་མཉམ་པོར་ཡར་རྒྱས་ལ་སྐུལ་འདེད་བཏང་། དབུལ་ཐར་འགག་སྒྲོལ་གྱི་ལས་ཚ་ཚ་འུར་འུར་སྤེལ་བ་དང་བསྟུན་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་དང་། རྫོང་། གྲོང་རྡལ། གྲོང་ཚོ་བཅས་གསར་འཛུགས་ལ་རམ་འདེགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་ཁྲོད་དུ་མི་རིགས་རིག་གནས་ཀྱི་འདབ་བཟང་ལྷུག་པར་གྲོལ་ཞིང་ཟེ་འབྲུ་གང་སར་གཏོར་བ་དང་ལྷན་དུ། དྲང་ནུས་རྒྱུད་སྒྲོག་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་སྔ་ན་མེད་པའི་མཚར་སྡུག་བསྣན།

ཕུལ་བྱུང་མི་རིགས་རིག་གནས་སྡུར་གུར་བཞད་པའི་མེ་ཏོག་འདྲ།

དུས་ཡུན་རིང་པོ་ཞིག་གི་འཕེལ་རྒྱས་གོ་རིམ་ཁྲོད་དུ། མཚོ་ཤར་ནི་རྒྱ་རིགས་དང་། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས། སོག་རིགས་སོགས་མི་རིགས་མི་འདྲ་བ་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་མི་རབས་སུ་འཚོ་སྡོད་ཀྱི་གཞི་མར་གྱུར་ལ། རྩྭ་ཐང་རིག་གནས་དང་ཞིང་ལས་དཔལ་ཡོན། རུའུ་ལུགས་པའི་རིག་གནས། ཏའོ་ལུགས་པའི་རིག་གནས། རྒྱ་བརྒྱུད་ནང་བསྟན་གྱི་རིག་གནས། བོད་བརྒྱུད་ནང་བསྟན་གྱི་རིག་གནས། དབྱི་སི་ལན་ཆོས་ལུགས་ཀྱི་རིག་གནས་སོགས་ཕན་ཚུན་བརྗེ་སྤེལ་དང་རྒྱུད་སྒྲོག་གི་གཤིན་སར་གྱུར་ནས་རིག་གནས་སྣ་མང་མཉམ་སྡོད་མཉམ་བསྲེས་ཀྱི་རྣམ་པ་ཞིག་རང་གཤིས་སུ་ཆགས།

དེ་ལྟ་བུའི་རིག་གནས་སྣ་འདུས་ཀྱི་ནང་སྙིང་གསོན་པོ་དེ་དག་གིས་མཚོ་ཤར་ཡུལ་གྱི་མི་དམངས་ལ་གཟི་ཉམས་དང་། བློ་ཁོག་ཡངས་པོ། ཡར་བརྩོན་ལ་དགའ་བའི་ཁྱད་གཤིས་ཤིག་བསྩལ་ཏེ།མི་རབས་ནས་མི་རབས་སུ་ཕན་ཚུན་བརྩེ་ཞིང་མཐུན་པའི་སྒོ་ནས་ཐུན་མོང་མཉམ་འབྲེལ་གྱིས་མཚོ་ཤར་ཡུལ་གྱི་ངོ་མཚར་བའི་རིག་གནས་དར་སྤེལ་དེ་མཚར་སྡུག་རྣམ་པར་བཀྲ་ཞིང་ཉི་ཟླའི་དཔལ་ལ་འགྲན།

མཚོ་ཤར་ནི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་འདིར་ཧོར་རིགས་དང་ཟ་ལར་རིགས་གཉིས་གཙོ་བྱས་མི་རིགས་མང་པོ་མཉམ་སྡོད་ཀྱི་ས་ཆ་ཁོ་ན་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ། ཧོར་རིགས་དང་ཟ་ལར་རིགས། རྒྱ་རིགས། བོད་རིགས། སོག་རིགས་སོགས་མི་རིགས་གཞན་བར་མཉམ་བསྲེས་མཉམ་སྡོད་བྱེད་ཞོར་དུ་སོ་སོའི་རང་སྟེང་གི་ཁྱད་ཆོས་དང་མི་རིགས་རིག་གནས་མ་ཉམས་རྒྱུད་འཛིན་བྱས་པ་ནི། དཔེར་ན། ཧོར་རིགས་ཀྱི་ཨན་གྲའོ་ཞབས་བྲོ་དང་། ན་སྟོན་དུས་ཆེན། ཟ་ལར་རིགས་ཀྱི་ལི་པའི་ཞབས་བྲོ་སོགས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སུ་གྱུར་ཡོད་པ་ལྟ་བུ་རེད།

ལོ་རེའི་ལ་གཞས་སྤྲོ་ཚོགས་དེ་ཡང་ཐུན་མོང་མ་ཡིན་པའི་རིག་གནས་སྲོལ་རྒྱུན་དང་མཚོ་ཤར་གྱི་མི་རིགས་ཁག་གི་དགའ་བསུ་ཆེན་པོ་ཐོབ་པའི་ངོས་ནས་མང་ཚོགས་རིག་གནས་བརྗེ་སྤེལ་གྱི་སྟེགས་བུར་གྱུར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་དང་པོའི་ཁྲོད་དུ། ཧོར་གྲོང་གི་འདན་མའི་ལ་གཞས་དང་། གཞོང་ཐང་གི་ཆི་ལི་སི་ལ་གཞས་སྤྲོ་ཚོགས། ལུང་མདོ་གྲོ་ཚང་གི་ལ་གཞས་བཅས་ཚུད་དེ། ལོ་བརྒྱ་ཕྲག་དུ་མའི་ལ་གཞས་དེ་རིམ་བཞིན་དུས་རབས་གསར་པར་ཞུགས་རྗེས་སུ་བབ་བསྟུན་གྱི་རིག་གནས་ཀྱི་གོ་གནས་ཤིག་བསྐྲུན་ཏེ་མཚོ་ཤར་ཡུལ་གྱི་རིག་གནས་སྤུས་ཀ་ཇེ་མཐོར་བཏང་།

རིག་གནས་ནི་ནང་གི་དངོས་ཤུགས་ཡིན་ལ། དཔལ་འབྱོར་ནི་ཕྱིའི་དངོས་ཤུགས་ཡིན། རིག་གནས་ཀྱི་ནང་བཅུད་ཀྱི་དངོས་ཤུགས་དེ་དཔལ་འབྱོར་གྱི་ཕྱིའི་དངོས་ཤུགས་ལ་བསྒྱུར་ཆོག་པའི་ངེས་ཤེས་འདྲོངས་པ་གཞི་བྱས་ཏེ། མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཚོགས་ཀྱི་མ་རྩ་བསྡུ་རུབ་དང་རིག་གནས་ལས་གཞི་སྲུང་སྐྱོབ་ལ་འཁྲིད་སྟོན་ཧུར་ཐག་བྱས་ཤིང་། དེང་རབས་ཀྱི་ཚན་རྩལ་ལེགས་ཤོས་བཀོལ་སྤྱོད་ལ་ཡར་སྐུལ་བྱས་ནས་ཕུལ་བྱུང་རིག་གནས་ཡུལ་སྐོར་འཁྲབ་སྟོན་གྱི་ལེ་ཚན་བཏོད་དེ། 《འཇའ་ཚོན་ཚོ་བ》《ཀྲུང་གོའི་ས་ལར》སོགས་ཡུལ་སྐོར་སྒྱུ་རྩལ་འཁྲབ་སྟོན་དང་ཐོན་རྫས་སོགས་སེམས་ཞིབ་མོས་བཟོས་པ་མཚོ་ཤར་རིག་གནས་ཀྱི་གལ་གནད་དུ་གྱུར་ཡོད།

ལོ་རྒྱུས་ཀྱི་དུས་སྐབས་གསར་པ་འདིར། མཚོ་ཤར་གྱིས་མི་རིགས་གྲངས་ཉུང་གི་ཕུལ་བྱུང་རིག་གནས་ལ་བརྩི་འཇོག་དང་། རྒྱུད་འཛིན། དར་སྤེལ་བྱ་བ་དེ་མི་རིགས་ཁག་གིས་ཐུན་མོང་ལོངས་སྤྱོད་དུ་གྱུར་བའི་ཀྲུང་ཧྭའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དང་ཟུང་དུ་འབྲེལ་ནས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་བར་ཤེས་རྟོགས་དང་། ཕན་ཚུན་བར་བརྩི་འཇོག ཕན་ཚུན་བར་སློབ་སྦྱོང་། ཕན་ཚུན་བར་རོགས་རེས་བྱེད་པ་ལ་སྐུལ་འདེད་བྱས།

མུ་འགོད།

ཁོན་ཐར་འཚོས་བསྒྱུར།