ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱི་ཏང་ཡོན་ལས་བྱེད་གནས་གཏན་དབུལ་སྐྱོར་གྲོང་ཚོར་བསྐྱོད་དེ་དཀའ་ངལ་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཡི་ཏང་ཡོན་ལས་བྱེད་ཁག་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་གནས་གཏན་དབུལ་སྐྱོར་གྲོང་ཚོ་སྟེ་ཡ་རྫི་རྫོང་ས་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཤང་གི་བར་ལུང་གྲོང་ཚོར་བསྐྱོད་དེ། དེ་གའི་མང་ཚོགས་ལ་དགུན་གཞུང་གི་འཚམས་འདྲི་དང་བཅས་དྲོད་ཁོལ་སྦྱིན། དེའི་ཡར་སྔོན་ལ་ཡང་གསར་འགྱུར་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་ཐེངས་དུ་མར་རྩ་འཛུགས་བྱས་ནས་གནས་གཏན་དབུལ་སྐྱོར་གྲོང་ཚོར་རོགས་སྐྱོར་འཚམས་འདྲི་བྱས་མྱོང་།

ཉིན་དེར་གྲོང་ཚོ་བཅའ་སྡོད་ཀྱི་དབུལ་སྐྱོར་ཧྲུའུ་ཅི་དང་པོ་ཧྲི་དབྱང་དང་། གྲོང་ཚོ་བཅའ་སྡོད་ལས་བྱེད་འཕགས་མོ་དོན་འགྲུབ་གཉིས་ཀྱིས་ཏང་ཡོན་ལས་བྱེད་པའི་སྣེ་འཁྲིད་དེ། ཁྱིམ་ཚང་དཀའ་ངལ་ཅན་ཤྭ་བོ་བཀྲ་ཤིས་དང་། རིན་ཆེན་རྡོ་རྗེ། ཅིའུ་ལའོ་ཚང་བཅས་ལ་སོང་ནས་ཁོ་ཚོ་ལ་རྡོ་ཀ་ར་དང་། ཇ། ཤིང་འབྲས་འབྲུག་མིག་དང་། ཁ་སུར་དམར་པོ། གྱོན་ཆས། འཚམས་འདྲི་མ་དངུལ་སོགས་གནང་སྦྱིན་བྱས། ཤྭ་བོ་བཀྲ་ཤིང་ཚང་ལ་བསྐྱོད་དུས། ཨ་མ་རྒན་མོ་ལོ་བདུན་ཅུ་ཅན་པོ་ཁྲིའུ་འཁོར་ལ་བསྡད་དེ་ཉི་མར་ལྡེ་བཞིན་འདུག མོས་ང་ཚོ་མཐོང་མ་ཐག་ཏུ་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་དབང་མེད་དུ་འཐོར་ཞིང་། མགོ་བོ་ལྡེམ་བཞིན་ང་ཚོ་མི་རེ་རེ་ལ་བཀའ་དྲིན་ཆེ་ཞུས་བྱུང་། ཚང་མས་ཨ་མ་རྒན་མོས་སྐད་ཆ་བཤད་མི་ཐུབ་པར་ཅི་བྱས་སོང་ཞེས་འདྲི་དུས། གྲོང་ཚོ་བཅའ་སྡོད་ལས་བྱེད་འཕགས་མོ་དོན་འགྲུབ་ཀྱིས་ཚང་མར། ཨ་མ་རྒན་མོར་ད་ལོར་གློ་བུར་དུ་བཙན་ཁ་ཕོག་ནས་འགྲོ་སྐྱོད་བྱེད་མི་ཐུབ་ཅིང་། སྐད་ཆ་ཤོད་ཁག་པོ་གྱུར། ཡིན་ནས་མནའ་མས་བདག་སྐྱོང་བཟང་བས་མོའི་འཚོ་བ་ཡག་པོ་ཡོད་ཟེར། གསར་འགྱུར་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞུས་ཚུན་ཧྲི་ཡིས་ཤྭ་བོ་བཀྲ་ཤིས་ཚང་གི་ཁྱིམ་མི་རྣམས་ལ། དབུལ་སྒྲོལ་ཕྱུག་འགྱུར་ལ་ངེས་པར་ཡིད་ཆེས་བཅིངས་ནས་བློ་མ་ཕམ་པར་ཏང་གི་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག་འབད་པ་རེ་བྱས་ན་སྔ་མོ་ནས་དཀའ་ཁག་སེལ་ཐུབ་ཅིང་ཕྱུག་པོར་འགྱུར་ཐུབ་ཟེར།

རིན་ཆེན་རྡོ་རྗེ་ཚང་དང་ཅིའུ་ལའོ་ཚང་དུ། ཏང་ཡོན་ལས་བྱེད་པས་ཁོ་ཚོ་ལ་ཁ་བརྡའི་ཚུལ་དུ་འཚམས་འདྲི་བྱས་པ་དང་། ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། རིན་ཆེན་རྡོ་ཆེ་ཚང་དུ། ལོ་གྱ་གཅིག་ཅན་གྱི་ཨ་མ་རྒན་མོས་ཏང་ཡོན་ལས་བྱེད་པ་ཝང་དབྱི་ཡི་ལག་ཟུང་དམ་པོར་འཁྱུད་དེ་ཡང་ཡང་བཀའ་དྲིན་ཆེ་ཞུས། དེར་ཡོད་ཀྱི་ཏང་ཡོན་ལས་བྱེད་ཡོངས་ནས་རྗེས་མ་རོགས་རམ་དགོས་ཚེ་ང་ཚོར་ཐད་ཀར་འབྲེལ་བ་བྱོས་དང་། གང་ནུས་ཅི་ཐུབ་ཀྱིས་ཁྱེད་ཅག་ལ་རོགས་བྱེད་ངེས་ཞེས་ལྷག་སེམས་ཟོལ་མེད་ཀྱིས་བརྗོད། ཁྱིམ་ཚང་དེ་གཉིས་ནས། ད་ལྟ་དབུལ་སྐྱོར་སྲིད་ཇུས་ཧ་ཅང་བཟང་ཞིང་ཏང་གི་ཉི་ཟེར་དྲོན་མོ་ང་ཚོའི་སེམས་སུ་འཕྲོ་ཐུབ་ཡོད་པས་དེང་ཕྱིན་གྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་ཡིད་ཆེས་ཆེན་པོས་ཁེངས་ཡོད་ཟེར།

གྲོང་ཚོར་བཅའ་སྡོད་ཀྱི་དབུལ་སྐྱོར་ཧྲུའུ་ཅི་དང་པོ་ཧྲི་དབྱང་དང་ལས་བྱེད་འཕགས་པོ་དོན་འགྲུབ་གཉིས་ནས་ཏང་ཡོན་ལས་བྱེད་ལྷན་རྒྱས་ལ་བར་ལུང་གྲོང་ཚོའི་ལོ་གཅིག་རིང་གི་དབུལ་སྐྱོར་རོགས་སྐྱོར་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས། ཤེས་གསལ་ལྟར་ན། ལས་རྗེས་མར་དབུལ་སྐྱོར་ལས་དོན་རུ་ཁག་གིས་དབུལ་སྐྱོར་ལས་ཀ་སྲ་བརྟན་མཐོར་འདེགས་དང་། བློ་དང་རིག་པའི་སྒོ་མོ་འབྱེད་པར་རོགས་སྐྱོར། རྣམ་པ་གསར་གཏོད་བཅས་ཀྱི་སྒོ་ནས“ཁྲག་བཟོ་”ཡི་བྱེད་ནུས་ཇེ་ཆེར་བཏང་སྟེ། ལས་ཀ་ཁྱབ་གདལ་དང་ཞིབ་ཚགས་ཡོང་བར་ནུས་ཤུགས་བསྐྱེད་ཅིང་བསམ་བློ་བཏང་ནས་ལས་ཀ་བསྒྲུབ་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་བར་མཐུན་སྦྱོར་དང་། ཁེ་ལས་དང་ཐེབས་རྩ་ཚོགས་པའི་དབར་འབྲེལ་བ་བཟུང་སྟེ། གཅེས་སེམས་དཔུང་སྡེ་བཙུགས་ནས་རྩལ་ནུས་ཟབ་སྦྱོང་གི་ལས་ཀ་སྒྲིག་འཛུགས་ཐོག གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་གཟུག་རྒྱུ་དང་། ཤང་གྲོང་གི་བགྲོད་ལམ་གྲོང་ཚོ་གསར་པ་བསྐྲུན་རྒྱུ་སོགས་བར་ལུང་གྲོང་ཚོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ལེགས་པར་བསྐང་ཐུབ་ཅིང་སྔ་མོ་ནས་དབུལ་ཐར་ཐུབ་པར་རོགས་བྱ་འཆར་ཡོད་ཟེར།

ཁོན་ཐར་འཚོས་བསྒྱུར།