རང་ཞིང་གིས་སྐབས་དང་པོའི་ས་གནས་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པའི་ཁྲོམ་རའི་ལྟ་སྐུལ་ཆེད་དོན་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་བདག་དོམ་སྤྱི་ཁྱབ་ཅུའུ་ཡི་རོགས་སྒྲུབ་འོག ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས། སྐབས་དང་པོའི་མཚོ་སྔོན་ས་གནས་ཀྱི་སྲིད་གཞུང་ལས་བྱེད་པའི་ཁྲོམ་རའི་ལྟ་སྐུལ་ཆེད་དོན་ཞིབ་འཇུག་འཛིན་གྲྭ་དེ་ཟླ12པའི་ཚེས19ཉིན་ཧྲིན་ཀྲུའུ་གྲོང་ཁྱེར་ནས་བསྡུས་པ་རེད། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་སྤྱི་ཁྱབ་ཅུའུ་ཡི་སྤྱིའི་བཟོ་སྐྲུན་མཁན་ཧན་དབྱིས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བློ་མཐུན་དང་དེ་མིན་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་སོ་སོ། རྫོང་དང་ཆུས་ཀྱི་བདག་དོམ་འགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་བདག་དོམ་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་མི་གྲངས130ལྷག་ཐེངས་འདིའི་ཆེད་དོན་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭ་ལ་ཞུགས་ཡོད།

ཐེངས་འདིའི་ཆེད་དོན་གསབ་སྦྱོང་གིས་ཆེད་མཁས་པའི་འཆད་ཁྲིད་དང་ཡུལ་དངོས་སློབ་ཁྲིད། ཚོ་ཆུང་བགོས་ནས་དཔྱད་སྡུར་བྱེད་པར། སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པ། བསམ་བློ་བརྗེ་རེས་ཀྱི་ཁ་བརྡ་སོགས་སྣ་མང་ཅན་གྱི་གསབ་སྦྱོང་རྣམ་པ་སྤྱད་ཡོད། དེ་ཡང་ཧྲིན་ཀྲུའུ་གྲོང་ཁྱེར་ཏང་ཨུའི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་། ལས་ཁུངས་ཀྱི་ཆེད་མཁས་པ་སོགས་ཀྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན”དང“མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་དུ་གཏོང་བ།” “དུས་རབས་གསར་པའི་ཁྲིམས་བསྟུན་ཆབ་སྲིད་འཛུགས་སྐྲུན།” “ཚོང་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ།” “ཕུལ་བྱུང་ཚོང་གཉེར་གྱི་ཁོར་ཡུག་གསར་སྐྲུན་བྱེད་པ”སོགས་ཀྱི་ཆེད་དོན་བརྗོད་བྱ་གཞིར་བཟུང་སྟེ་འཆད་ཁྲིད་གནང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་ནི་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་བདག་དོམ་སྤྱི་ཁྱབ་ཅུའུ་ཡི་རོགས་སྒྲུབ་འོག་རང་ཞིང་གིས་བསྡུས་པའི་ས་གནས་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པའི་ཁྲོམ་རའི་ལྟ་སྐུལ་ཆེད་དོན་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭ་ཐོག་མ་ཡིན་ལ། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་བདག་དོམ་སྤྱི་ཁྱབ་ཅུའུ་གྱིས་མཚོ་སྔོན་གྱི་ཁྲོམ་རའི་ལྟ་སྐུལ་བདག་དོམ་བྱ་གཞག་ལ་རོགས་སྐྱོར་བྱེད་པའི་ཚོད་ལྟ་ལྟ་བུ་ཡང་ཡིན། ལོ་འདི་དག་གི་རིང་ལ། རྒྱལ་ཁབ་སྤྱི་ཁྱབ་ཅུའུ་ཡིས་ཤེས་ནུས་མཐོར་འདེགས་དང་ཤེས་ནུས་རོགས་སྐྱོར་རྒྱུན་འཁྱོངས་བྱ་བ་དེ་རོགས་སྐྱོར་གྱི་གཙོ་གནད་དུ་བཟུང་ནས། ས་ཁོངས་ཀྱི་ཁྱད་ཆོས་དང་རོགས་སྒྲུབ་བྱ་བའི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། འགོ་ཁྲིད་རྩ་འཛུགས་དང་མ་དངུལ་གྱི་རྒྱབ་སྐྱོར། འཇོན་མིའི་རྒྱབ་སྐྱོར། ཐོན་ལས་མཉམ་ལས། སྤྱི་ཚོགས་ལས་མི་སོགས་ཀྱི་ཐད་ལ་གནད་འཁེལ་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། དངོས་ཕན་གཙོ་གནད་དུ་བཟུང་ནས་གཅིག་དང་གཅིག་གི་རོགས་སྐྱོར་སྒྲིག་གཞི་གསར་འཛུགས་བྱས་ཤིང་། ཚད་ངེས་ཅན་གྱི་སྒོ་ནས་རོགས་སྒྲུབ་རོགས་སྐྱོར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཡོད།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཧོང་ལིའང་གིས་བཤད་རྒྱུར། མཚོ་སྔོན་གྱི་ཁྲོམ་རའི་ལྟ་སྐུལ་བདག་དོམ་ལས་བྱེད་མི་སྣས་དུས་ཡུན་རིང་བོར་གྲང་ངར་ཆེ་བའི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་ས་ཁུལ་དུ་བྱ་བ་སྒྲུབ་བཞིན་ཡོད་པས། སྤྱི་ཁྱབ་ཅུའུ་ཡི་སྲིད་འཛིན་སློབ་གླིང་དུ་ཆེད་དོན་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭ་ལ་ཞུགས་པའི་གོ་སྐབས་ཧ་ཅང་དཀོན། ཐེངས་འདིའི་གསབ་སྦྱོང་གིས་དངོས་ཕན་རང་བཞིན་གཙོ་བོར་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40འཁོར་བའི་ཚོགས་ཆེན་སྟེང་གི་གསུང་བཤད་ཀྱི་དགོངས་དོན་དེ་གཙོ་གནད་དུ་བཟུང་ཞིང་། ལག་ལེན་མཐར་ཕྱིན་བྱས་ཡོད། མི་དམངས་རང་བཞིན་གཙོ་གནད་དུ་བཟུང་སྟེ་ལས་ཁུངས་ཀྱི་བཅོས་སྒྱུར་གྱིས་ཏང་ཀྲུང་དབྱང་གི་རེ་ལྟོས་དང་མི་དམངས་ཀྱི་རེ་ལྟོས་བཞིན་ཁྲོམ་རའི་ལྟ་སྐུལ་བདག་དོམ་བྱ་བའི་གལ་ཆེན་རང་བཞིན་ལ་ཤུགས་སྣོན་བྱས་ཡོད། གསར་གཏོད་རང་བཞིན་གཙོ་གནད་དུ་བཟུང་ནས་དགག་སྒྲུབ་བསམ་གཞི་དང་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ཀྱིས་ཁྲོམ་རའི་ལྟ་སྐུལ་བདག་དོམ་བྱ་བར་ཤུགས་སྣོན་བྱས།

ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡི་ཅུའུ་ཀྲང་མ་ཅི་ཡིས་བསྟན་དོན། ཐེངས་འདིའི་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭ་བརྒྱུད་གསབ་སྦྱོང་ལ་ཞུགས་པའི་སློབ་མ་དག་གིས་ལས་ཁུངས་ཕན་ཚུན་བར་ལ་མཉམ་འབྲེལ་སྒོས་ལྟ་སྐུལ་བདག་དོམ་བྱེད་པར་སྐུལ་འདེད་དང་ཁྲོམ་རའི་ཉེན་ཁ་ལ་སྔོན་འགོག ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་འགེབས་སྲུང་། གཅིག་གྱུར་གྱི་ལྟ་སྐུལ་བདག་དོམ་སྟེགས་བུ་གཅིག་གྱུར་སྒོས་འཛུགས་སྐྲུན་བྱེད་པ། ཆ་འཕྲིན་དྲ་རྒྱའི་བསམ་གཞིགས་བེད་སྤྱོད། གཞི་གྲངས་ཆེན་མོའི་ལྟ་སྐུལ་བདག་དོམ་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ཐད་མང་པོ་ཞིག་ལ་བསམ་བློ་བརྗེ་རེས་གཏིང་ཟབ་དུ་སྤེལ། མཚོ་སྔོན་ཁྲོམ་རའི་ལྟ་སྐུལ་བདག་དོམ་བྱ་བའི་ལྟ་སྐུལ་རང་བཞིན་དང་མདུན་སྐྱོད་རང་བཞིན། སྐབས་བསྟུན་ནུས་ཆོད་རང་བཞིན་སོགས་མཐོར་འདེགས་སུ་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།