གེ་སར་རིག་གནས་དཔེ་ཚོགས་པར་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བཟོ་སྐྲུན——གེ་སར་རིག་གནས་དཔེ་ཚོགས་པར་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྩོམ་སྒྲིག་པར་སྐྲུན་བྱས་པའི《གླིང་སྒྲུང་གི་རི་མོ(དེབ་དང་པོ་དང་གཉིས་པ)》དང《རྨ་ཡུལ་མགོ་ལོག་གེ་སར་རིག་གནས་ཀྱི་གསང་བ་འཚོལ་ཞིབ》།《གླིང་སྒྲུང་གི་གཏམ་དཔེ》། 《གླིང་སྒྲུང<གེ་སར>ལས་བྱུང་པའི་ལུས་རྩལ་རིག་གནས་ཀྱི་རྟོག་དཔྱོད་དང་ཞིབ་འཇུག》། 《བ་ཡན་ཕ་རིའི་སྐྱེ་འགྲོ》སོགས་ཀྱི་དཔེ་ཚོགས་པར་སྐྲུན་བྱས་པ་དེས། 《གེ་སར》ཞིབ་འཇུག་གི་བྱ་བའི་ཐད་ལ་རྒྱུ་ཆ་རྩ་ཆེན་ཞིག་མཁོ་འདོན་བྱས་ཡོད་པར་མ་ཟད། གེ་སར་རིག་གནས་སྐྱེ་ཁམས་ཀྱི་སྤྱིའི་ཆ་ནས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ། སྤུས་ཚད་མཐོ་བའི་བསམ་པའི་རིག་གནས་ཀྱི་མ་དཔེ་འདོན་སྤྲོད་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་པ་རེད།

《གླིང་སྒྲུང》ནི་བོད་ཀྱི་གནའ་བོའི་ཤེས་རིག་གི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་དང་། འཛམ་གླིང་གི་རྩོམ་རིག་བང་མཛོད་ཁྲོད་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཞིག་ཡིན་པར་མ་ཟད། མིའི་རིགས་ཀྱི་བསམ་བློའི་རིག་གནས་ལོ་རྒྱུས་སྟེང་གི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན་པ་རེད། མགོ་ལོག་ནི་རྒྱལ་ཡོངས་ནས་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་ལ་མཚོན་ཚུལ་རྣམ་པ་ཁྱད་དུ་འཕགས་པ། རྒྱུན་འཁྱོངས་བྱས་ཚད་ཆེས་འཐུས་ཚང་ཡིན་པ། གཞས་མ་གཏམ་གྱི་སྒྱུ་རྩལ་པ་ཆེས་མང་བ། ཤུགས་རྐྱེན་ཐེབས་ཚད་ཆེས་རྒྱ་ཆེ་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན་པས། “ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཡང་ཐོབ་པ་རེད། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ40ཚུན་ལ། མགོ་ལོག་གི་རིག་གནས་ལས་དོན་དང་ཐོན་ལས། ལྷག་པར་དུ་གེ་སར་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་བའི་ཐད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམན་ཞིག་བླངས་ཏེ། 2014ལོའི་ཟླ7པར། གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པ་དང་། 2016ལོའི་ཟླ12པར། གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད་ལག་བསྟར་བྱེད་པར་ཆོག་འཐུས་ཐོབ་པ་རེད། འདིས་གེ་སར་རིག་གནས་སྔོག་འདོན་དང་ཕྱོགས་བསྡུས། སྲུང་སྐྱོབ། རྒྱུད་འཛིན་གྱི་བྱ་བའི་ཐད་ལ་ཕན་པའི་ཆ་རྐྱེན་གང་ལེགས་བསྐྲུན་པ་མཚོན་ཐུབ་པ་རེད། ཐེངས་འདིར་པར་སྐྲུན་འགྲེམས་སྤེལ་བྱས་པའི་གེ་སར་རིག་གནས་ཀྱི་དཔེ་ཚོགས་ནི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ལས་དོན་གལ་ཆེན་ཞིག་ཡིན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།