ཞིང་ཆེན་སྒྲིག་བཤེར་གྱིས་ལུགས་གསར་རྙིང་གི་ལོ་སར་སྐབས“སྤྱོད་ཚུལ་བཞི”ལ་ཡོ་བསྲང་བྱེད་དགོས་པའི་བརྡ་ཁྱབ་བཏང་།

ཟླ12པའི་ཚེས18ཉིན། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས《ལུགས་གསར་རྙིང་ལོ་སར་སྐབས་“སྤྱོད་ཚུལ་བཞི”ཡོ་བསྲང་སྐོར་ལ་ཤུགས་སྣོན་དགོས་པའི་བརྡ་ཐོ》བཀྲམས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་ཨུ(ཏང་རྩ་འཛུགས)དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་གྱི་འབྲས་བུ་སྲ་བརྟན་རྒྱ་བསྐྱེད། བྱ་སྤྱོད་གཙང་མའི་ངོས་ནས་ལོ་སར་ཡག་པོ་རོལ་བ་དང་སྤྱོད་བཟང་གཞུང་དྲང་གི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་སྲུང་སྐྱོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

《བརྡ་ཐོ》ཡི་ནང་དུ། ལུགས་གསར་དང་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་གནད་འགག་གི་དུས་ལ། རིམ་ཁག་ཏང་ཨུ(ཏང་རྩ་འཛུགས)དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་“སྤྱོད་ཚུལ་བཞི”ཡོ་བསྲང་དང་། སྤྱོད་བཟང་དར་སྤེལ་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་སློབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཆགས་གྲུབ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས། “སྲུང་སྐྱོང་གཉིས”ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལ་སྐུལ་འདེད་དང་ལག་བསྟར་གྱི་ཞིབ་ཕྲའི་དགོངས་དོན་དོན་འཁྱོལ་གྱི་བྱེད་ཐབས་སུ་བརྩིས་ནས་དོན་དག་ཆུང་ངུ་ནས་དམ་འཛིན་ནན་འཛིན་དང་། མཛེར་མ་རྡེབ་རྡེབ་ཀྱིས་བྱ་སྤྱོད་ཐད་བདག་དམ་ཏན་ཏིག་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་དག་ཐེར་མཐའ་གཅིག་བྱེད་དགོས་པའི་སློབ་སྟོན་མཆན་འགོད་ཀྱི་དགོངས་དོན་དེ་ལག་བསྟར་ཏན་ཏིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ཐུན་མོང་ཐོག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་དག་ཐེར་དགོས་པའི་བརྡ་ཐོའི་བླང་བྱ་དང་ལག་བསྟར་འཆར་ཇུས་ལྟར། ས་གནས་དང་ལས་ཁུངས་སོ་སོས་རང་རང་གི་དངོས་དོན་དང་སྦྱར་ནས་གཞུང་དངུལ་གྱིས་རྒྱས་ཟ་རྒྱས་འཐུང་དང་། གོང་ཆེའི་ཁྱད་ལྡན་ཐོན་རྫས་རིགས་ཀྱི་དམིགས་བསལ་ཐོན་ཁུངས་བརྫངས་ལེན། གཞུང་དངུལ་རྫོང་བ། གཞུང་འཁོར་སྒེར་སྤྱོད་ལ་སོགས་པའི་གནད་དོན་འབུར་ཐོན་དག་ལ་ལྟ་རྟོག་ནན་མོ་དང་། ལོ་མཇུག་ཟླ་རྔ་དང་ལོ་མགོ་ཚེས་མགོ་སྐབས་ཀྱི་ལས་ཀའི་སྤྱི་སྡོམ་དང་འཆར་འགོད་ལ་ལྟ་རྟོག་ནན་མོ་བྱས་ནས་ཞིབ་ས་ནས་བྱ་སྤྱོད་དར་སྤེལ་ལ་སྐུལ་འདེད་བྱེད་པ་དང་ཆབས་ཅིག ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་དང་། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ངན་ལ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

《བརྡ་ཐོ》ཡི་ནང་དུ། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྔ་མོ་ནས་ལྟ་རྟོག་བྱས་ནས་རིམ་ཁག་ཏང་ཨུ(ཏང་རྩ་འཛུགས)ཡི་སྤྱོད་ཚུལ་འཛུགས་སྐྱོང་གི་འགན་གཙོ་ལག་བསྟར་ཞིབ་ཕྲ་ལ་ལྟ་སྐུལ་བྱེད་དགོས་པ་དང་། དོ་དམ་བྱེད་ཐུབ་མེད་ས་དང་ལྟ་རྟོག་ཐུབ་མེད་སར་ཞིབ་ལྟ་བྱས་ཏེ། ཐུན་མོང་ཞིབ་བཤེར་དང་། ལྐོག་བཤེར། སྣོལ་བཤེར། གོང་རིམ་ཐད་བཤེར་ལ་སོགས་ཀྱི་ཐབས་སྤྱད་ནས་རིམ་པ་བཞིན་ལྟ་སྐུལ་ཞིབ་བཤེར་མུ་མཐུད་ནས་བྱེད་པ། ལྷག་པར་དུ་ཞིང་ཆེན་ཐད་གཏོགས་དང་། ཁུལ་ཐད་གཏོགས། རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལྟ་བཤེར་ལ་ཤུགས་སྣོན་པ། “སྤྱོད་ཚུལ་བཞི”ལྟ་ཞིབ་ཡོ་བསྲང་གི་མཉམ་འགུལ་ལམ་ལུགས་ཀྱི་ནུས་པ་བཏོན་ནས་དྲིལ་སྒྲོག་དང་། ནོར་སྲིད། དབུལ་སྐྱོར།སྣོད་བཅུད། རྩིས་བཤེར། སྤྱི་བདེ། འགྲིམ་འགྲུལ། ཁྲལ་དོན་སོགས་སྡེ་ཚན་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་དང་། ཆ་འཕྲིན་མཉམ་སྤྱོད། ཁོངས་སྣེ་ཁོངས་སྐྱེལ། བྱ་དངོས་ར་སྤྲོད་ལ་མཉམ་ཤུགས་སོགས་འདོན་ཐུབ་པའི་ནང་རྐྱེན་ལམ་ལུགས་ཕན་ལྡན་བཙུགས་ནས་སྐྱོན་ཤེས་ཀྱི་ནུས་པ་ཇེ་ཆེར་གཏང་དགོས།

གཞི་གྲངས་ཆེན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡིག་སྐུར་ངོ་བཅར་གྱི་དྲ་བ་དང་། “སྤྱོད་ཚུལ་བཞི”ཡི་ལྟ་སྐུལ་ཞུ་གཏུག་དང་། སྤྱི་བདེའི་ལྟ་སྐུལ་ཚོད་འཛིན། ཁྲལ་དོན་འཛིན་བྱང་ལ་སོགས་པའི་གློག་རྡུལ་ཆ་འཕྲིན་སྟེགས་བུ་བེད་སྤྱད་དེ། “སྤྱོད་ཚུལ་བཞི”ལྟ་ཞིབ་ཡོ་བསྲང་བྱེད་ཐབས་ཆེར་བསྐྱེད་བཅས་བྱ་སྤྱོད་སྒྲིག་ལམ་དང་འགལ་ཞིང་། “སྤྱོད་ཚུལ་བཞི”ངོ་བོ་གཞན་འགྱུར་གྱི་གནད་དོན་འགེབས་ཐུབ་མེད་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་ལུགས་གསར་དང་ལུགས་རྙིང་ལོ་སར་སྐབས་སུ་མངོན་ལྐོག་ཅི་རིགས་ནས་ཞིབ་གཅོད་དང་ལྟ་རྟོག་བྱས་ཏེ། མང་ཚོགས་ཀྱི་གོང་ཞུ་གནས་ཚུལ་དང་ལེན་ནན་མོ་དང་། གློ་བུར་བའི་གནས་ཚུལ་ཐག་གཅོད་བྱ་རྒྱུ་ཟེར།

ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ལྟ་སྐུལ་གོང་ཞུ་ཁ་པར་ནི། 0971-12388པ་དང་། ལྟ་སྐུལ་གོང་ཞུ་དྲ་ཚིགས་ནིhttp://qing⁃hai.12388.gov.cn། ཕྲན་འཕྲིན་གོང་ཞུ་སྤྱི་སྟེགས་ནི་མཚོ་སྔོན་སྒྲིག་བཤེར་ལྟ་ཞིབ(qhjjjcwx)།

ཁོན་ཐར་འཚོས་བསྒྱུར།