ད་ལོའི་སློབ་གྲྭ་ཆུང་འབྲིང་གི་དགུན་གནང་གི་དུས་ཚོད་གཏན་འཁེལ་བྱས་འདུག

ཟླ12པའི་ཚེས19ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་སློབ་གསོ་ཅུས་ནས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི2018-2019ལོའི་སློབ་སྐབས་དང་པོའི་དགུན་གནང་སྟེ། སློབ་ཆུང་གི་དགུན་གནང་དེ2019ལོའི་ཟླ1ཚེས9ནས་ཟླ2པའི་ཚེས28ཉིན་བར་གཏང་རྒྱུ་དང་། སློབ་འབྲིང་གི་མཇུག་རྒྱུགས་རྟོག་ཞིབ་ཚོད་རྒྱུགས་དེ2019ལོའི་ཟླ1པོའི་ཚེས9ཉིན་ནས་ཟླ1པའི་ཚེས12བར་ལ་ལེན་རྒྱུ། སློབ་འབྲིང་གི་དགུན་གནང་དེ2019ལོའི་ཟླ1པོའི་ཚེས17ཉིན་ནས་ཟླ2པའི་ཚེས28ཉིན་བར་ལ་གཏང་རྒྱུ། 2019ལོའི་ཟླ1པའི་ཚེས17ཉིན་ནས་ཟླ1ཚེས30ཉིན་ཁྱོན་བསྡོམས་ཉིན14ལ་མཐོ་འབྲིང་མཐར་ཕྱིན་གྱི་འཛིན་གྲྭར་གསབ་འཁྲིད་བྱ་རྒྱུ་ཞེས་གཏན་འཁེལ་བྱས་འདུག

བཀོད་སྒྲིག་ལྟར། 2019ལོའི་ཟླ3པའི་ཚེས1ཉིན་ལ་སློབ་ཞུགས་མིང་ཐོ་འགོད་པ་དང་། ཚེས2ཉིན་དང་ཚེས3ཉིན་རྒྱུན་ལྡན་ངལ་གསོ་ཡིན། ཚེས4ཉིན་ནས་བཟུང་དངོས་སུ་སློབ་ཁྲིད་ཀྱི་འགོ་བརྩམ་རྒྱུ་རེད། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་རྒྱ་ཆེའི་དགེ་སློབ་རྣམས་ཕུན་སུམ་ཚོགས་ཤིང་། བདེ་ཐང་། སྤྲོ་པོ། བདེ་འཇགས། དོན་སྙིང་ལྡན་པའི་དགུན་གནང་སྐྱིད་པོ་ཞིག་རོལ་དུ་འཇུག་ཆེད། སློབ་གྲྭ་སོ་སོར་བདེ་འཇགས་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་དུ་བཅུག་ཅིང་། ལྷག་པར་སློབ་མས་གློག་སྤྱོད་པ་དང་། མེ་ཟོན་རྐུ་ཟོན། འཇུགས་སྐུལ་སྔོན་འགོག སོལ་དུག་སྔོན་འགོག འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག དར་ཤུད་ཆུར་བྱིང་ལ་སྔོན་འགོག གློག་འཕྲིན་མགོ་སྐོར་ལ་སྔོན་འགོག་སོགས་བདེ་འཇགས་ཐད་ཀྱི་སློབ་གསོ་ལ་ཤུགས་བསྣན་ཏེ། དགེ་སློབ་ཡོངས་ཀྱི་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཇེ་ཆེར་བཏང་ནས་སློབ་མར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བ་ལ་སྔ་མོ་ནས་སྔོན་འགོག་དང་། སློབ་གྲྭ་སོ་སོས་དགུན་གནང་གི་ལས་བྱ་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྔོན་འགྲོའི་འོག་དགུན་གནང་གི་ལས་བྱ་ནན་ཏན་གྱིས་འབྲི་དགོས་པར་ནན་སྐུལ། དགེ་རྒན་གྱི་སློབ་གཉེར་བྱ་སྤྱོད་ཚད་ལྡན་དང་། སློབ་མ་དང་ཁྱིམ་བདག་གི་ལག་ནས་དངོས་རིགས་ལེན་ཐུབ་དང་། ཡང་ན་སློབ་མའམ་ཁྱིམ་བདག་གིས་གསོལ་འདྲེན་དང་། ཡུལ་སྐོར། རོལ་རྩེད་ལ་སོགས་བྱེད་སྒོ་སྣ་ཚོགས་སུ་གདན་ཞུ་ལ་གཏན་ནས་ཞུགས་མི་ཆོག་པ། གསབ་ཁྲིད་སྒྲིག་འཛུགས་དང་ནང་ཞུགས་ལ་གཏན་འགོག སློབ་གྲྭ་ཕྱིའི་ཟབ་སྦྱོང་ལས་ཁུངས་དང་གཞན་གྱིས་སློབ་མའི་ཐོན་ཁུངས་ངོ་སྤྲོད་བྱེད་པ་དང་དེ་འབྲེལ་ཡིག་ཆ་འདོན་སྤྲོད་གཏན་འགོག  སློབ་གྲྭ་སོ་སོས་སློབ་བྱོལ་སྲུང་འཛིན་གྱི་ལས་ཀ་ཏན་ཏིག་བསྒྲུབ་ནས་སློབ་མ་དུས་ལྟར་སློབ་གྲྭར་ཞུགས་པར་འགན་ལེན་དང་། ས་ཐག་རིང་བ་དང་། སློབ་ཞུགས་དཀའ་བ། སློབ་སྦྱོང་མི་ལེགས་པ། སློབ་གཉེར་ལ་སུན་སྣང་སྐྱེས་པ། ཁྱིམ་ཚང་ལ་དཀའ་ཁག་ཡོད་པ་སོགས་རྐྱེན་དུ་བྱས་ནས་སློབ་མཚམས་འཇོག་པ་དག་གཏན་འགོག་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཁོན་ཐར་འཚོས་བསྒྱུར།